མཆོད་པ་འབུལ་ཚིག

༈ སྐྱབས་གནས་ཀུན་འདུས་བླ་མ་རྡོ་རྗེ་འཆང་། །གང་ལ་གང་འདུལ་བཤེས་གཉེན་ཚུལ་བཟུང་ནས།། མཆོག་དང་ཐུན་མོང་དངོས་གྲུབ་རྩོལ་མཛད་པའི། །དྲིན་ཅན་བླ་མ་རྣམས་ལ་མཆོད་པ་འབུལ།།

༈ གང་གིས་བདག་ལ་རིག་པ་བསླབ་པ་དང། །མདོ་རྒྱུད་བསྟན་བཅོས་མན་ངག་རྗེས་བསྟན་དང་། །བསླབ་སྟོན་རྩལ་དང་དབང་བསྐུར་བྱིན་རླབས་པའི། །དངོས་རྒྱུད་བླ་མ་རྣམས་ལ་མཆོད་པ་འབུལ།།

༈ རབ་འབྱ༷ཾས་གསུང་རབྶ་ཀུན་ལ་བལྟ་བའི་མིག །སྐལ་བཟང་ཐར་བར་བགྲོད་པའི་འཇུག་ངོག་མཆོག །བརྩེ་བས་བསྐྱོད་པའི་ཐབས་མཁས་མཛད་པ་ཡིས། །གསལ་མཛད་བཤེས་གཉེན་རྣམས་ལ་མཆོད་པ་འབུལ།།

༈ གསང་བ་འདུས་པ་བདེ་དགྱེས་ཧེ་རུ་ཀ །དཔལ་ཆེན་རྡོ་རྗེ་འཇིགས་བྱེད་ལ་སོགས་པ། །གྲངས་མེད་རྒྱུད་སྡེ་བཞི་ཡི་འཁོར་ལོའི་མགོན། །ཡི་དམ་ལྷ་ཚོགས་རྣམས་ལ་མཆོད་པ་འབུལ།།

༈ དམ་ཅན་སྒྲུབ་པ་པོ་ཡི་རྗེས་འབྲངས་ཤིང་། །ཞི་དང་རྒྱས་དང་དབང་དང་མངོན་སྤྱོད་སོགས། །སྣ་ཚོགས་འཕྲིན་ལས་ཚུལ་བཞིན་བསྒྲུབ་མཛད་པའི། །ཆོས་སྐྱོང་སྲུང་མ་རྣམས་ལ་མཆོད་པ་འབུལ།།

༈ སྔོན་ཚེ་བཅོམ་ལྡན་འདས་ཀྱི་སྤྱན་སྔ་རུ། །ཆོས་བཞིན་སྒྲུབ་པ་མཛད་པའི་གང་ཟག་ལ། །བར་ཆད་བསྲུང་ཞིང་སྐྱོང་བར་ཞལ་བཞེས་པའི། །ཆོས་སྐྱོང་སྲུང་མའི་ཚོགས་ལ་མཆོད་པ་འབུལ།།

༈ ཕྱག་སྟོང་འཁོར་ལོས་བསྒྱུར་བའི་རྒྱལ་པོ་སྟོང་། །སྤྱན་སྟོང་བསྐལ་བ་བཟང་པོའི་སངས་རྒྱས་སྟོང།། གང་ལ་གང་འདུལ་དེ་ལ་དེར་སྟོན་པའི། །བཙུན་པ་སྤྱན་རས་གཟིགས་ལ་མཆོད་པ་འབུལ།།

༈ རྒྱ་གར་པཎ་ཆེན་བོད་ལ་བཀའ་དྲིན་ཆེ། །པདྨ་ལས་འཁྲུངས་སྐུ་ལ་འདས་གྲོངས་མེད། །ད་ལྟ་ལྷོ་ནུབ་སྲིན་པོའི་ཁ་གནོན་མཛད། །ཨོ་རྒྱན་རིན་པོ་ཆེ་ལ་མཆོད་པ་འབུལ།།

༈ སྟོན་པ་བླ་མའི་སངས་རྒྱས་རིན་པོ་ཆེ། །སྐྱོབ་པ་བླ་མའི་དམ་ཆོས་རིན་པོ་ཆེ། །འདྲེན་པ་བླ་མའི་དགེ་འདུན་རིན་པོ་ཆེ། སྐྱབས་གནས་དཀོན་མཆོག་གསུམ་ལ་མཆོད་པ་འབུལ།།

༈ བདག་སོགས་འཁོར་བཅས་ཚེ་རབས་ཐམས་ཅད་དུ། །དཀོན་མཆོག་གསུམ་དང་ནམ་ཡང་མི་བྲལ་ཞིང། །དཀོན་མཆོག་གསུམ་པོ་རྒྱུན་དུ་མཆོད་པ་ལ། །དཀོན་མཆོག་གསུམ་གྱི་བྱིན་བརླབ་འཇུག་པར་ཤོག།

༈ ཞལ་ཟས་རོ་བརྒྱ་ལྡན་པའི་ཡིད་འཕྲོག་པ། །ལེགས་སྦྱར་འདི་ནི་རྒྱལ་བ་སྲས་བཅས་ལ། །དད་པའི་ཕུལ་བས་འགྲོ་བ་འདི་དག་ཀུན། །འབྱོར་ལྡན་ཏིང་འཛིན་བཟས་ལ་སྤྱོད་པར་ཤོག།།