སྦ་ལོན་བཀྲིས་ཀྱིས་ལས་འགུལ་ཉིན་བཞི་བ་ས་གནས་ཛུ་རིག་དང་རི་ཁོན་ནང་སྤེལ།

ཕྱི་ཚེས་༢༡  ཉིན་སྦ་ལོན་བཀྲིས་ཀྱིས་ལས་འགུལ་ཉིན་བཞི་པ་འདི་བཞིན་སུད་སི་ས་གནས་ཛུ་རིག་དང་རི་ཁོན་གཉིས་སུ་མུ་མཐུད་སྤེལ་ཡོད་པ་དང་། ས་གནས་མི་མང་དང་དམིགས་བསལ་སུད་སི་གསར་ལམ་ཁག་གིས་དོ་སྣང་དང་གནས་ཚུལ་སྤེལ་ཐབས་གནང་གི་ཡོད་པའི་སྐོར་འགྲེལ་བརྗོད་གནང་བཞིན་ཡོད་འདུག

གོང་ཚེས་ཉིན་གྱི་ཞོགས་པའི་ཆུ་ཚོད་༩ ནས་ཆུ་ཚོད་༡༢ བར་སུད་སི་གནས་ཛུ་རིག་གནང་སྦ་ལོན་བཀྲ་ཤིས་ཀྱིས་ལས་འགུལ་སྤེལ་ཡོད་པ་དང་། ཉིན་དེར་ས་གནས་བུད་མེད་ཚོགས་པས་ཞལ་ལག་གོ་སྒྲིག་དང་། སྐོར་གཞས་གོ་སྒྲིག་སོགས་གནང་ཡོད་འདུག

གསར་འགོད་པས་ལས་འགུལ་ནང་མཉམ་ཞུགས་གནང་མཁན་དོན་གྲུབ་ཚེ་རིང་ལགས་སུ་ལས་འགུལ་ལ་ཞུགས་གནང་བའི་ཚོར་སྣང་གང་ཡོད་དྲིས་པར། ཁོང་གིས་གསུངས་དོན། ང་ལ་སྐྱོ་སྣང་དང་དགའ་སྣང་གཉིས་བྱུང་། དང་པོ་དེ་གང་ཡིན་ཟེར་ན་ཛུ་རིག་ཚོགས་ཆུང་ངོས་ནས་དེ་རིང་གི་ལས་འགུལ་འདི་གོ་སྒྲིག་ཞུ་མ་ཐུབ་པ་སྔོན་མ་ནས་གསལ་བཤད་གནང་ཡོད་ཀྱང་། ས་གནས་འདིར་ལས་འགུལ་སྤེལ་སྐབས་ཛུ་རིག་ཚོགས་ཆུང་གི་མི་སྣ་གང་ཡང་སླེབས་མེད་པ་དེར་བློ་ཕམ་བྱུང་། དགའ་སྣང་དེ་གང་ཡིན་ཟེར་ན། དེ་རིང་གནམ་གཤིས་ཡག་པོ་ཡོད་པར་བརྟེན་ལྒང་ཕུག་གནམ་ལ་བཏང་བ་དེ་ཧ་ཅང་ཡག་པོ་བྱུང་བ་དང་། ཚོར་སྣང་ལ་༧གོང་ས་མཆོག་གིས་བོད་དོན་བདེན་མཐའ་མྱུར་ཏུ་གསལ་ངེས་ཡིན་པའི་བཀའ་ཕེབས་པ་དེ་དག་དངོས་གནས་མགྱོགས་པོ་ཡོང་ས་རེད་སྙམ་པ་བྱུང་། ཞེས་སོགས་གསུངས་། 

 

ཉིན་གུང་རྒྱབ་ལ་ས་གནས་རི་ཁོན་ཚོགས་ཆུང་གིས་གོ་སྒྲིག་ཞུས་པ་ལྟར་ས་གནས་དེར་སྦ་ལོན་བཀྲིས་ཀྱིས་ལས་འགུལ་སྤེལ་ཡོད་འདུག་ལ། རི་ཁོན་མཁན་རིན་པོ་ཆེ་མཆོག་ལ་ལས་འགུལ་དང་འབྲེལ་བའི་སྐོར་བཀའ་འདྲི་ཞུས་དོན། དེ་རིང་གི་ལས་འགུལ་འདི་དམིགས་བསལ་ཡག་པོ་བྱུང་སོང་སྙམ། རྩ་བའི་ས་གནས་ཁག་ཚང་མའི་ནང་ལས་འགུལ་ཡག་པོ་གནང་ཡོད་ཀྱང་དེ་རིང་འདིར་དགོན་པའི་མཁྲིས་ལ་ཁེལ་ཡོད་སྟབས། བསང་གསོལ་གཏོང་བའི་ལས་རིམ་ཞིག་གོ་སྒྲིག་ཞུས་པ་རེད། དེ་བས་བསང་གསོལ་བཏང་བ་དང་། བོད་མི་ཚོས་གཞས་སྣ་འཁྲབ་སྟོན་གནང་བ་སོགས་ལས་འགུལ་ཧ་ཅང་ཡག་པོ་བྱུང་སོང་། ཞེས་དང་། དེ་རིང་འདིར་བོད་མི་གཞོན་སྐྱེས་མང་པོ་སླེབས་མེད་ཀྱང་། བོད་མི་མང་པོ་སླེབས་འདུག་པ་དེ་ཧ་ཅང་ཡག་པོ་འདུག ལས་འགུལ་འདི་བོད་དོན་དྲིལ་བསྒྲགས་ཆེད་གནང་བ་ཡིན་སྟབས། དེ་རིང་བོད་མི་ཚོས་བོད་ཆས་གྱོན་པ་དང་རིག་གཞུང་འཁྲབ་སྟོན་གནང་བ་སོགས་ཞེ་དྲག་ཡག་པོ་བྱུང་སོང་། ཞེས་སོགས་གསུངས། 

རི་ཁོན་ཚོགས་ཆུང་གི་ཚོགས་གཙོ་ལྷག་པ་ཚེ་རིང་ལགས་སུ་བཀའ་འདྲི་ཞུས་དོན། དེ་རིང་འདིར་བོད་རིགས་གསར་འགོད་པ་དམིགས་བསལ་མང་པོ་ཕེབས་མེད་ནའང་། ང་ཚོས་ཕྱི་རྒྱལ་གསར་འགོད་པ་ཁག་གིག་ལ་འབྲེལ་བ་ཞུས་དོན་ལྟར་དེ་རིང་འདིར་ས་གནས་ཝུན་ཏར་ཐོར་གྱི་གསར་འགོད་པ་གཅིག་ཕེབས་ཡོད་པ་དང་། ཁོང་གིས་ས་གནས་ཝུན་ཏར་ཐོར་ཚོགས་ཆེ་གྲས་ཤིག་གི་ནང་ལས་འགུལ་འགོད་ཐབས་གནང་ཡོད་པ་རེད་ལ། དེའི་སྒོར་འབྲེལ་ཡོད་མི་སྣ་བཅར་འདྲི་གནང་གི་ཡོད་པ་རེད། ཅེས་སོགས་གསུངས་སོང་།

 

སྦ་ལོན་བཀྲིས་ནི་ཁོང་གི་མིང་དང་ལས་འགུལ་གཉིས་ཀྱི་མིང་ཆགས་ཡོད་པ་དང་། ཁོང་གིས་སྦ་ལོན་བཀྲིས་ཞེས་བོད་ཀྱི་རྒྱལ་དར་ཀྱིས་བཟོས་པའི་ལྒང་ཕུག་ཆེན་པོ་ཞིག་བཟོས་ཏེ་གནམ་ལ་གཏོང་བཞིན་པ་འདིས་བོད་ཀྱི་གནས་སྟངས་ངོ་སྤྲོད་གནང་ཐབས་གནང་གི་ཡོད་འདུག་ལ།  སྦ་ལོན་བཀྲིས་ཀྱི་ལས་འགུལ་འདི་བཞིན་ལོ་ཁ་ཤས་གོང་ནས་ཡུ་རོབ་རྒྱལ་ཁབ་མང་ཆེ་བར་སྐོར་བསྐྱོད་གནང་གྲུབ་པ་ཞིག་ཡིན་པ་མ་ཟད། སུད་སི་ནང་ད་རེབ་སྐོར་བསྐྱོད་གནང་བ་འདི་ཐེངས་དང་པོ་ཆགས་ཡོད་འདུག་ཅིང་། ད་དུང་མུ་མཐུད་ཡུ་རོབ་རྒྱལ་ཁབ་ཨོ་སི་ཊི་ལི་ཡ་སོགས་སུ་མུ་མཐུད་སྐོར་བསྐྱོད་གནང་འཆར་ཡོད་འདུག

གསར་འགོད་པ། བཀྲིས་རྣམ་རྒྱལ། 

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

1 དང་ 2 སྡོམས་རོགས།