སྦ་ལོན་བཀྲིས་ཀྱིས་ལས་འགུལ་ཉིན་དང་པོ་ས་གནས་སྦ་སལ་ནང་སྤེལ།

༢༠༡༧ ལོའི་ཟླ་༩ ཚེས་༡༧ ཉིན་སུད་སི་ས་གནས་སྦ་སལ་ནང་དབྱིན་ལན་ནས་ཕེབས་པའི་བོད་རྒྱབ་སྐྱོར་བ་སྦ་ལོན་བཀྲ་ཤིས་ཞེས་པའི་བོད་དོན་ཁྱབ་བསྒྲགས་ཆེད་ལྒང་ཕུག་ཆེན་པོ་བོད་ཀྱི་རྒྱལ་དར་ཡོད་པ་ཞིག་གནམ་ལ་གཏོང་བའི་ལས་འགུལ་སྤེལ་ཡོད་པ་དང་། ལས་འགུལ་སྐབས་ས་གནས་བོད་རིགས་མི་མང་གིས་ལས་འགུལ་དེར་རྒྱབ་སྐྱོར་དང་བོད་ཀྱི་རིག་གཞུང་འཁྲབ་སྟོན་དང་ཁྱབ་བསྒྲགས་གནང་ཡོད་འདུག

གོང་ཚེས་ཉིན་ས་གནས་སྦ་སལ་ནང་དབྱིན་ལན་ནས་ཕེབས་པའི་བོད་དོན་རྒྱབ་སྐྱོར་བ་སྦ་ལོན་བཀྲ་ཤིས་ལགས་ཀྱིས་གཙོས་ས་གནས་སྦ་སལ་ཚོགས་ཆུང་གི་ཚོགས་གཙོ་དང་ས་གནས་མི་མང་བརྒྱ་དང་སུམ་བཅུ་ལྷག་མཉམ་ཞུགས་ཐོག་བོད་ཀྱི་རྒྱལ་དར་གྱིས་བཟོས་པའི་ལྒང་ཕུག་ཆེན་པོ་ཞིག་གནམ་ལ་བཏང་སྟེ། ཕྱི་རྒྱལ་བ་ཚོར་བོད་དོན་འགྲེལ་བརྗོད་དང་བོད་དོན་ངོ་སྤྲོད་ཀྱི་ལས་འགུལ་ཞིག་སྤེལ་ཡོད་འདུག་ལ། སྦ་སལ་ས་གནས་ཚོགས་ཆུང་གི་ཚོགས་གཙོ་ལགས་ཀྱིས་གནས་ཚུལ་འགྲེལ་བརྗོད་ཞུས་དོན་ལྟར་ན། སུད་སི་མི་མང་སྒྲིག་འཛུགས་ཀྱི་ཚོགས་གཙོ་དང་ས་གནས་འཐུས་ཚོགས་ཀྱི་བཀའ་ཁྱབ་ལྟར། ས་གནས་མི་མང་མང་པོ་མཉམ་ཞུགས་གནང་ཡོད་ཅིང་། ལས་འགུལ་དེར་བོད་ཀྱི་རིག་གཞུང་ཁྱབ་སྤེལ་དང་ངོ་སྤྲོད་གནང་ཆེད་ས་གནས་སྦ་སལ་ཚོགས་ཆུང་གི་ཟློས་གར་ཚོགས་པས་གཡག་འཁྲབ་རྒྱུ་དང་། ཏྲེ་ཧོར་ཚོགས་པའི་ངོས་ནས་སེང་གེ་འཁྲབ་རྒྱུ་གྲ་སྒྲིག་གང་ལེགས་གནང་ཡོད་ཀྱང་། ཉིན་དེར་གནམ་གཤིས་ཧ་ཅང་སྡུག་པའི་རྐྱེན་ཀྱིས་འཁྲབ་ཐབས་བྱུང་མེད་ཚུལ་དང་། གཞན་ས་གནས་མི་མང་གིས་ངོས་གནམ་གཤིས་ག་ཚོད་སྡུག་ཀྱང་སྦ་ལོན་བཀྲ་ཤིས་ལགས་ལ་རྒྱབ་སྐྱོར་ཆེད་དང་། བོད་དོན་དང་བོད་ཀྱི་རིག་གཞུང་ཁྱབ་བསྒྲགས་ཡོང་ཆེད་སྐོར་བྲོ་སོགས་འཁྲབ་སྟེ་ཕྱི་རྒྱལ་མི་རིགས་ཚོར་བོད་ཀྱིས་གནས་སྟངས་དང་བོད་ཀྱི་རིགས་གཞུང་ཁྱབ་བསྒྲགས་གནང་ཡོད་འདུག

སྦ་ལོན་བཀྲ་ཤིས་ལགས་ཀྱི་ལས་འགུལ་འདི་ནི་སུད་བོད་མཛའ་འབྲེལ་ཚོགས་པའི་གོ་སྒྲིག་གནང་བ་ཞིག་དང་།  སུད་བོད་མཛའ་འབྲེལ་ཚོགས་པས་སུད་སི་དང་ལེག་ཏེན་སི་ཊཡན་བོད་རིགས་མི་མང་འཐུས་ཚོགས་ལ་འབྲེལ་བ་ཞུས་དོན་ལྟར། ས་གནས་འཐུས་ཚོགས་ཀྱིས་རྒྱབ་སྐྱོར་མཐའ་ནན་ཞུས་ཐོག་ས་གནས་ཁག་ལ་བཀའ་ཁྱབ་བཏང་སྟེ་གོ་སྒྲིག་གནང་བཞིན་པ་ཞིག་ཡིན་འདུག ལས་འགུལ་འདི་ཉིད་ས་གནས་སྦ་སལ་ནས་དབུ་འཛུགས་ཀྱིས་མུ་མཐུད་ས་གནས་སྦརན་དང་། སོ་ལོ་ཐོན། ཨར་རྒོའོ་སོགས་ས་གནས་ཁག་ལ་སྐོར་བསྐྱོད་ཀྱིས་ལས་འགུལ་སྤེལ་འཆར་ཡོད་འདུག

གསར་འགོད་པ། ཙ་ཡུས་ཕུན་ཚོགས། པར་བ་བཀྲ་ཤིས་རྣམ་རྒྱལ། 

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

3 དང་ 9 སྡོམས་རོགས།