སྔ་འགྱུར་རྙིང་མ་ཚེ་བཅུ་ཚོགས་པ་ཀུན་བཟང་མདོ་སྔགས་གླིང་དབུ་བརྙེས་ནས་ལོ་ ༤༠ འཁོར་བའི་དུས་དྲན།

༧རྒྱལ་ཀུན་བརྩེ་བའི་རང་གཟུགས་པད་ཀར་འཆང་། །ངུར་སྨྲིག་གར་དུ་རོལ་བ་སྙིགས་མའི་མགོན། །ཞི་བདེའི་རྒྱལ་ཐབས་བསྙེན་པའི་འཁོར་བསྒྱུར་ཆེ། །༧གོང་ས་ལྷ་མིའི་རྣམ་འདྲེན་སྤྱི་བོར་མཆོད།།བོད་རྒྱལ་ལོ་ ༢༡༣༨ བོད་ཟླ་ ༨ ཚེས་ ༣།༤ ཕྱི་ལོ་ ༢༠༡༡ ཕྱི་ཟླ་ ༩ ཚེས་ ༣༠ དང་ཕྱི་ཟླ་ ༡༠ ཚེས་ ༡ བཅས་ཉིན་གཉིས་རིང་ས་གནས་ churwalden དུ་ Waldhotel ཞེས་པའི་མགྲོན་ཁང་དུ་སྔ་འགྱུར་རྙིང་མ་ཚེ་བཅུ་ཚོགས་པ་ཀུན་བཟང་མདོ་སྔགས་གླིང་དབུ་བརྙེས་ནས་ལོ་ ༤༠ འཁོར་བའི་དུས་དྲན་རྟེན་འབྲེལ་མཛད་སྒོར་ཐོག་མ་སྐུ་དཔར་མཐོང་གྲོལ་རིན་པོ་ཆེ་གསེར་འཕྲེང་བསྟར་བསྒྲིག་གིས་ཚོགས་ཁང་དུ་གདན་ཞུས་ཏེ་བཞུགས་ཁྲིར་འཁོད་མཚམས་ཚོགས་གཙོ་སྟག་གསར་བླ་མ་བྱམས་པ་རིན་པོ་མཆོག་དང་། རི་ཀོན་ཆོས་འཁོར་དགོན་གྱི་མཁན་རིན་པོ་ཆེ་མཆོག རང་གཞུང་སྐུ་ཚབ་དོན་གཅོད་མཆོད་སྐྱབས་པ་ཚེ་བརྟན་བསམ་གྲུབ་མཆོག སུད་སི་དང་ལེཀ་ཊེན་སྤྲན་ཡན་བོད་རིགས་མི་མང་ཚོགས་གཙོ་མེ་མིན་ཧོ་བར་པ་སངས་ལགས་བཅས་ནས་རིམ་པས་མཎྜལ་སྟེགས་འབུལ་ཞུས་པ་དང་། དེའི་རྗེས་ཚོགས་པའི་ཚོགས་གཞོན་ཀརྨ་རིན་པོ་ཆེ་གཙོས་ཚོགས་མི་ཡོངས་ནས་བཞུགས་ཁྲིར་མཇལ་ཁ་ཞུས། ཚོགས་གཙོ་བྱམས་པ་རིན་པོ་ཆེ་མཆོག་ནས་སྐུ་མགྲོན་དང་ཚོགས་མི་ཡོངས་ལ་དགའ་བསུའི་རྟེན་འབྲེལ་གྱི་འཚམས་འདྲི་ཞུས་མཚམས་ཚོགས་མི་འབའ་རུ་དབང་ཆེན་ལགས་ནས་ཚོགས་པའི་ལོ་རྒྱུས་དང་འདས་པའི་ལོ་ངོ་ ༤༠ རིང་༧སྤྱི་ནོར་༧གོང་ས་མཆོག་སྐྱབས་མགོན་ཆེན་པོ་མཆོག་དང་བོད་བསྟན་སྲིད་སླད་ཞབས་བརྟན་རིམ་པ་བྱས་པའི་སྐོར། མཁན་རིན་པོ་ཆེ་མཆོག་དང་། སྐུ་ངོ་དོན་གཅོད། བོད་རིགས་མི་མང་ཚོགས་གཙོ་བཅས་ནས་བཀའ་སློབ་གནང་། ཚོགས་པའི་འགན་གཙོ་བླ་མ་དང་དབུ་མཛད་གཅིག་ལྕོགས་བྱམས་པ་རིན་པོ་ཆེ་མཆོག་ནས་སྤྱིར་ནང་ཆོས་ངོ་སྤྲོད་མདོར་བསྡུས་དང་བྱེ་བྲག་དེའི་ཉིན་གྱི་ཆོ་ག་པདྨ་གསང་ཐིག་དགོངས་འདུས་ཀྱི་ལོ་རྒྱུས་དང་ཚིག་དོན་གྱི་འགྲེལ་བ་བཅས་གསུང་རྗེས་ཞལ་འདོན་དབུ་འཛུགས་གནང་། དེའི་ཉིན་གྱི་ཆོ་ག་དང་འབྲེལ་བའི་མཁའ་འགྲོ་སྡེ་ལྔའི་ཚོགས་ཀྱི་གར་འཆམ། ལྷག་འཆམ། གཏོར་གཞུང་བུབ་ཆོག་ལ་ཞྭ་ནག་གི་གར་འཆམ་བཅས་གཟིགས་འབུལ་ཞུས་པ་དང་འདོད་གསོལ་དང་སྨོན་ལམ་བཀྲིས་ཀྱི་མཐའ་རྒྱན་བཅས་ཉིན་དང་པོའི་མཛད་རིམ་ལེགས་པར་གྲུབ། ཉིན་གཉིས་པར་ཐོག་མར་སྔ་དྲོ་ཚོུད་ ༨ ཐོག་གཏེར་སྟོན་ལྷ་བཙུན་ནམ་མཁའ་འཇིག་མེད་ཀྱི་དགོངས་གཏེར་ལས་བསང་གསོལ་རི་བོ་བསང་མཆོད་དང་བོད་ཀྱི་བསྟན་སྲུང་ཡོངས་ཀྱི་འཕྲིན་བཅོལ་གནང་རྗེས། བདེན་ཚིག་སྨོན་ལམ་དང་ལྷ་རྒྱལ་བཅས་གྲུབ་མཚམས་བདེ་ཆེན་ཞིང་གྲུབ་པདྨ་དྲ་བའི་དཀྱིལ་འཁོར་ཞལ་འབྱེད་དེ་ཉིན་གུང་བར་དུ་མཆོད་འབུལ་ཟབ་རྒྱས་ཐོག རྒྱལ་བསྟན་ཡོངས་རྫོགས་ཀྱི་དོན་དུ་ལུས་སྲོག་བཏང་བའི་དཔའ་བོ་དང་དཔའ་མོ་རྣམས་དང་ལྷག་པར་དུ་ཉེ་ཆར་བོད་ནང་གྲྭ་བ་ལྔ་ཙམ་ནས་བོད་བསྟན་སྲིད་ཀྱི་དོན་དུ་རང་སྲོག་བློས་བཏང་བ་གཙོས་མ་འགྱུར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་ཐར་ཏེ་པདྨ་འོད་དང་བདེ་བ་ཅན་གྱི་ཞིང་ཁམས་ལ་མྱུར་དུ་གཤེགས་པའི་སྨོན་འདུན་ཞུས། ཉིན་རྒྱབ་ཐུགས་སྤྲོ་དང་སྟབས་བསྟུན་དཀར་ཕྱོགས་ལྷ་ཡི་དབུ་འཕང་གུང་ལ་བསྟོད་ནས་ནག་ཕྱོགས་བདུད་ཀྱི་བསམ་སྦྱོར་ངན་པ་རྣམས་རྨིག་མེད་དུ་ཞི་བར་བྱེད་པའི་ཆེད་དུ་སྔ་འགྱུར་བསྟན་པའི་ཤིང་རྟ་ཆེན་པོ་ཀུན་གཟིགས་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོའི་དག་སྣང་གི་ཆོས་སྡེ་ལས་བྱུང་བའི་གླིང་བྲོ་བདེ་ཆེན་རོལ་མོའི་ལེ་ཚན་ ༣ གཟིགས་འབུལ་ཞུས། མཐའ་དོན་རང་ཅག་གངས་ཅན་པའི་ལུགས་གཉིས་སྲོལ་བཟང་ལ་དུས་ངན་གྱི་མུན་པས་སྒྲིབ་པའི་སྐབས་སུ་ཞི་བདེ་དང་རང་དབང་གི་ཉི་མ་མགྲོན་དུ་འབོད་པའི་ཆོས་ཀྱི་འཁོར་བསྒྱུར་ཆེན་པོ་རང་ཅག་གི་ཁོག་པའི་སྙིང་དང་དཔྲལ་བའི་མིག་ལྟར་མགོན་སྐྱབས་མཚུངས་པ་མེད་པ་༧གོང་ས་ལྷ་མིའི་རྣམ་འདྲེན་སྐྱབས་མགོན་༧རྒྱལ་བའི་དབང་པོ་རྗེ་བཙུན་ངག་དབང་བློ་བཟང་བསྟན་འཛིན་རྒྱ་མཚོ་མཚུངས་པ་མེད་པའི་སྡེ་དཔལ་བཟང་པོ་མཆོག་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བ་མཆོག་གི་སྐུ་ཚེ་མི་གཤེགས་འཆི་མེད་ལྷུན་གྱི་གྲུབ་པ་དང་། རིང་ནས་སྙིང་དུ་བརྣག་པའི་བོད་མིའི་བདེན་མཐའ་མྱུར་དུ་སེལ་ཞིང་ཆོལ་གསུམ་གཞིས་བྱེས་བོད་མི་མཉམ་འཛོམས་ཀྱིས་དགའ་སྟོན་ལ་རོལ་བ་དང་། འཛམ་གླིང་ཡུལ་གྲུ་ཀུན་ཏུ་ནད་མུག་འཁྲུགས་རྩོད་ཞི་ཞིང་བདེ་སྐྱིད་རྫོགས་ལྡན་གསར་པའི་གོ་འཕར་བཟང་པོ་ལ་དུས་རྟག་ཏུ་ལོངས་སུ་སྤྱོད་ཅིང་ཞི་བདེའི་དཔལ་ཡོན་ལ་གནས་པ་དང་། མཐར་ཐུག་འགྲོ་རྣམས་ཁམས་གསུམ་འཁོར་བའི་འཇིག་པ་ཀུན་ལ་གྲོལ་ཏེ་རྣམ་མཁྱེན་གདོད་མའི་མགོན་པོའི་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་མྱུར་དུ་ཐོབ་ཕྱིར་དང་། བོད་ཀྱི་ཐོུང་མ་ཡིན་པའི་ཆོས་དང་རིག་གཞུང་དང་ལེགས་སྦྱང་མི་ཉམས་གོང་འཕེལ་ཡོང་བའི་ཆེད་དུ་ཀུན་བཟང་མདོ་སྔགས་གླིང་གི་རང་བབས་ཀྱི་འོས་འགན་ཕྲག་ཏུ་འཁུར་ནས་གོ་བསྒྲིག་ཞུས་པའི་གསར་གནས་སུ། ཚེ་བཅུ་ཚོགས་པ་ཀུན་བཟང་མདོ་སྔགས་གླིང་གྲ་སྒྲིག་ཚོགས་ཆུང་ནས་གནས་ཚུལ་མདོར་བསྡུས་སོ། ། འདྲ་པར་་་

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

8 དང་ 8 སྡོམས་རོགས།