སུད་སིར་ཏོག་དབྱིབས་ནད་དུག་འགོག་ཐབས་སླད་སུད་སིའི་དབུས་གཞུང་ནས་སྐབས་བབས་གནས་སྟངས་ཆེས་དམིགས་བསལ་ཅན་ལ་ངོས་འཛིན་གྱིས་མི་མང་འདུ་འཛོམས་བྱེད་རྒྱུ་ལ་སོགས་འགོག་སྡོམ་བཀའ་རྒྱ་གནང་།

འཛམ་གླིང་གང་སར་ཏོག་དབྱིབས་ནད་དུག་ཁྱབ་གདལ་ཤུགས་ཆེར་འགྲོ་བཞིན་པའི་གནས་སྟངས་འོག་སུད་སི་རྒྱལ་ཁབ་ནང་ནད་གཞི་དེ་ལ་སྔོན་འགོག་དང་མི་སེར་ནང་ཁུལ་འགོད་ནད་ཁྱབ་གདལ་མི་འབྱུང་བའི་སླད་དུ་ད་རེས་ཀྱི་གནས་སྟངས་དེ་བཞིན་ཆེས་དམིགས་བསལ་གནས་བབས་ཡིན་ཞེས་གསུངས་ཏེ་མི་མང་འདུ་འཛོམས་གནང་རྒྱུར་བཀག་སྡོམ་བཀའ་རྒྱ་གནང་ཞིང་།དེ་ཡང་འདི་ཟླའི་ཚེས་༡༦ཉིན་རྒྱལ་ས་སྦེན་དུ་འཚོགས་པའི་གསར་འགོད་ལྷན་ཚོགས་ནང་ཡོངས་ཁྱབ་གསལ་བསྒྲགས་སྤེལ། སུད་སིའི་བློན་ཆེན་ལྷན་ཁང་གི་ཁྲི་ཐོག་ལྕམ་སྐུ་སཱོ་མ་རུ་ག་མཆོག་གིས་ད་རེས་ཛ་དྲག་གི་གནས་ཚུལ་སྐབས་སུད་སིར་གནས་པའི་སྐྱེ་བོ་མི་རེ་ངོ་རེར་ལས་འགན་ཡོད་པ་དང་། མི་མང་ནས་ནུས་པ་གོང་བུ་གཅིག་ཏུ་བསྒྲིལ་ཏེ་ནད་ཡམས་འདི་ལས་རྒྱལ་ཁ་འཐོབ་པར་གནང་དགོས་ཞེས་གསུངས།

དུས་ཡུན་སྔར་ཙམ་ནས་སུད་སི་གཞུང་ཐོག་ནས་ཏོག་དབྱིབས་ནད་དུག་འགོག་ཐབས་བཀོད་ཁྱབ་སྣ་མང་སྤེལ་ཟིན་པ་དེ་ལྟར་ཡང་། ད་རེས་ཀྱི་བཀོད་ཁྱབ་ནང་སློབ་གྲྭ་ཁག་དང་། ཚོང་ཁང་ཁག་དང་ཟ་ཁང་རིགས། དལ་ཁོམ་སྤྲོ་འཆམ་བྱེད་ཡུལ་གློག་བརྙན་ཁང་དང་གཅན་གཟན་ཁང་སོགས། རིག་གནས་དང་འབྲེལ་བའི་འགྲེམས་སྟོན་ཁང་ཁག །ལུས་རྩལ་སྦྱོང་བརྡར་ཁང་ཁག་སོགས་ཕྱི་ཉིན་ནས་ལས་མཚམས་འཇོག་པའམ་སྒོ་རྒྱག་དགོས་པའི་བཀའ་རྒྱ་གནང་། མི་མང་ལ་གཟའ་བཅའི་ཚོང་ཁང་དང་། སྤྱི་ཚོགས་ལ་ངེས་པར་དུ་མཁོ་བའི་སྲི་ཞུ་རམ་འདེགས་ཞུ་མཁན་སྨན་ཁང་ཁག་དང་སྨན་རིགས་ཚོང་ཁང་། སྦྲག་ཁང་སོགས་ལས་འཁུར་ཞབས་འདེགས་མུ་མཐུད་གནང་དགོས་པ་ལས་དེ་མིན་ལས་རིགས་ཚང་མ་མཚམས་འཇོག་གནང་དགོས་ཞེས་བཀའ་རྒྱ་སྤེལ།

ད་ལྟའི་ཆར་སུད་སི་རྒྱལ་ཁབ་ནང་ཏོག་དབྱིབས་ཀྱི་ནད་མནར་བྱུང་བ་སྐྱེ་བོ་ ༣༠༠༠ ལྷག་དང་། ནད་རིམས་དེ་ལས་འདས་གྲོངས་སུ་གྱུར་པ་མི་གྲངས་ ༣༠ ཙམ་ར་འཕྲོད་བྱུང་ཞིང་། མངའ་སྡེ་ ༢༧ གང་སར་ནད་དུག་འདི་ཁྱབ་གདལ་ཇེ་ཆེར་འགྲོ་བཞིན་ཡོད་པའི་གནས་ཚུལ་ཐོན་ཡོད། སུད་སི་གཞུང་གི་བཀའ་བཀོད་ལྟར་སུད་སིའི་དམག་མི་གྲངས་འབོར་ ༨༠༠༠ མི་མང་ལ་རམ་འདེགས་བསྒྲུབ་དགོས་ཆེད་བཀའ་འགུགས་གནང་བ་དེ་ཡང་སུད་སིར་འཛམ་གླིང་དམག་ཆེན་གཉིས་པའི་རྗེས་སུ་དམག་འབོར་ཕོན་ཆེ་འདི་ལྟ་བུ་བཀའ་འགུགས་གནང་བ་ཐེངས་དང་པོ་དེ་ཆགས་ཡོད་ཅིང་། དམག་མི་རྣམས་ནས་མི་སེར་ཚོར་སྤྱིའི་འཕྲོད་བསྟེན་གྱི་ཚན་པ་སྨན་ཁང་ཁག་དང་། བསྐོར་བསྲུང་གྱི་བྱ་ར་ཁག གལ་ཆེའི་བཅའ་དངོས་སྐྱེལ་འདྲེན་དང་འགྲིམ་འགྲུལ་སོགས་ཀྱི་ལས་སྣེར་མཐུན་རོགས་གནང་དགོས།

སུད་སི་མི་སེར་དང་། སུད་སིར་གཏན་སྡོད་བྱེད་མིའམ་འཚོ་རྟེན་སུད་སིའི་ཡུལ་ལུང་ནང་ཡིན་པ་དག་ལས་རྒྱལ་ཁབ་ནང་དུ་སྤྲོ་འཆམ་པ་སོགས་འོང་མི་ཆོག་པའི་ས་མཚམས་དང་གནམ་ཐང་ཁག་ཏུ་བཀག་འགོག་དོ་དམ་གནང་བཞིན་ཡོད། མི་སེར་རྣམས་ལའང་རང་ཁྱིམ་དུ་གནས་དགོས་པ་དང་། ངེས་པར་དུ་མཁོ་བའི་བཅའ་དངོས་ཉོ་བསྒྲུབ་ཆེད་རང་ཁྱིམ་ནས་ཕྱིར་ཐོན་པ་ལས། དེ་མིན་རང་སྣང་ཕྱིར་འགྲོ་བསྐྱོད་གནང་རྒྱུར་དོ་གཟབ་དགོས་པའི་འབོད་སྐུལ་གནང་། རང་ཉིད་ཀྱི་འཚོ་རྟེན་ལས་སྣེ་ལས་ཁུངས་སོགས་སུ་བསྐྱོད་མི་དགོས་པར་རང་ཁྱིམ་དུ་བྱ་ཞག་བསྒྲུབ་ཐུབ་པ་རྣམས་ནས་དེ་ལྟར་གནང་བ་དང་། སོ་སོའི་འཚོ་རྟེན་ལ་ཞུགས་མི་ཐུབ་པའམ་ལས་ཀ་མཚམས་འཇོག་གནང་སྟེ་རང་ཁྱིམ་དུ་གནས་དགོས་བྱུང་བའི་རིགས་ལ་གཞུང་ནས་ལས་མེད་གླ་ཆ་འཐོབ་རྒྱུ་ལ་སོགས་དཔལ་འབྱོར་མཐུན་འགྱུར་འཕྲལ་དུ་གནང་རྒྱུའི་འཆར་གཞི་ཡང་སྤེལ་བའི་གནས་ཚུལ་སྙིང་བསྡུས་སུ་བཀོད།། །།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

6 དང་ 8 སྡོམས་རོགས།