སུད་སིའི་གྲོས་ཚོགས་འཐུས་མི་༢༢ ཀྱིས་བོད་མིར་གདུང་སེམས་མཉམ་སྐྱེད་གནང་།

དེ་རིང་ཕྱི་ཚེས་༩ ཉིན་སུད་སི་གྲོས་ཚོགས་མདུན་ཐང་དུ་སུད་སིའི་གྲོས་ཚོགས་འཐུས་མི་༢༢ ནས་བོད་དང་བོད་མིར་རྒྱབ་སྐྱོར་མཚོན་དོན་དུ་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་དང་། ལོ་འདིའི་ཟླ་དང་པོའི་ནང་རྒྱ་ནག་གི་སྲིད་འཛིན་ཞེ་ཅིང་ཕིང་སུད་སིར་ཕེབས་སྐབས་སུད་སི་གཞུང་གིས་བོད་མི་ཚོར་དམ་དྲག་ཚད་ལས་བརྒལ་བ་བྱས་པར་བློ་ཕམ་ཡོད་སྐོར་བསྒྲགས་ཡོད་འདུག

༢༠༡༧ ལོའི་ཟླ ༣ ཚེས་༩ ཉིན་སུད་སིའི་གྲོས་འཐུས་མི་༢༢ དང་། ཡུ་རོབ་སྤྱི་འཐུས་ཟམ་མདོ་བྱམས་པ་ལགས། སུད་སི་དོན་གཅོད་སྐུ་ངོ་དངོས་གྲུབ་རྡོ་རྗེ་ལགས། སུད་སི་དང་ལེག་ཏན་སིཊ་ཡན་བོད་རིགས་མི་མང་སྒྲིག་འཛུགས། སུད་སི་བོད་དོན་རྒྱབ་སྐྱོར་ཚོགས་པ། སུད་བོད་མཛའ་འབྲེལ་ཚོགས་པ་བཅས་ཀྱི་མཉམ་རུབ་ཐོག་སུད་སིའི་གྲོས་ཚོགས་མདུན་ཐང་དང་། གྲོས་ཚོགས་ནང་གི་མདུན་ཅོག་སྟེང་དུ་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་སྒྲེང་འཛུགས་ཀྱིས་བོད་མིའི་སྒེར་ལང་སུམ་བཅུའི་དུས་དྲན་ལ་གདུང་སེམས་མཉམ་སྐྱེད་དང་། བོད་དང་བོད་མི་ཚོར་རྒྱབ་སྐྱོར་མཚན་ཐབས་གནང་ཡོད་འདུག་ཡོད་འདུག་པ་མ་ཟད། སུད་སི་གྲོས་ཚོགས་འཐུས་མི་༢༢ ནས་ད་ལོའི་ཟླ་༡ ཚེས་༡༥ ནས་༡༨ བར་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་སུད་སིར་ཕེབས་སྐབས་སུད་སི་གཞུང་གི་ངོས་ནས་སུད་སིར་གནས་སྡོད་སྐྱབས་བཅོལ་བོད་མི་ཚོར་དམ་དྲག་ཤུགས་ཆེན་བྱས་ཡོད་པ་དང་། བོད་མི་ཚོར་རྒྱ་ནག་གཞུང་ལ་ངོ་རྒོལ་ལས་འགུལ་ཁག་རང་དབང་ལྡན་པའི་ཐོག་ནས་སྤེལ་བཅུག་མེད་པ་བཅས་ལ་བློ་ཕམ་ཡོད་སྐོར་བསྒྲགས་ཡོད་འདུག

རྩ་བའི་ལས་འགུལ་འདི་ཕྱི་ཚེས་༡༠ ཉིན་གྱི་བོད་མིིའི་སྒེར་ལངས་སུམ་བཅུའི་དུས་དྲན་དང་སྟབས་བསྟུན་ནས་སྤེལ་རྩིས་ཡིན་ཀྱང་། ཚེས་༡༠ ཉིན་སུད་སིའི་གྲོས་ཚོགས་འཚོག་གིན་མེད་སྟབས་ཉིན་གཅིག་སྔ་སྣུར་ཐོག་སྤེལ་དགོས་ཐུག་ཡོད་འདུག སུད་སིའི་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ལྕམ་རེ་རྒུ་ལ་རེ་རྫི (Regula Rytz ) ལགས་སུམ་བཅུའི་དུས་དྲན་ཉིན་གྱི་མཛད་སྒོའི་ཐོག་ཆེད་ཕེབས་གནང་སྟེ་གཏམ་བཤད་གནང་རྒྱུ་ཡིན་འདུག
གསར་འགོད་པ། ཙ་ཡུས་ཕུན་ཚོགས།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

9 དང་ 9 སྡོམས་རོགས།