སུད་སི་ས་གནས་ཨར་གྷོའོ་གཟའ་འཇུག་བོད་ཡིག་སློབ་གྲྭའི་སྐོར།

སུད་སི་ས་གནས་ཨར་གྷོའོ་(Aarau)་བོད་སློབ་ནི་སུད་སི་དང་ལེག་ཏེན་སི་ཊཡན་བོད་རིགས་མི་མང་བོད་སློབ་ཁག་ནང་ལོ་ལྟར་བོད་སྐད་ཡིག་འགྲན་བསྡུར་ཐེངས་རེ་གནང་བཞིན་པ་ལྟར། སྤྱི་ལོ་༢༠༡༧ ལོར་སུད་སི་བོད་སློབ་ཁག་༡༧ ཙམ་མཉམ་ཞུགས་ཐོག་བོད་སྐད་ཡིག་འགྲན་བསྡུར་གནང་སྐབས་ཨང་རིམ་དང་པོ་དང་། ༢༠༡༨ ལོར་ཨང་རིམ་གཉིས་པའི་བྱ་དགའ་རག་མྱོང་པ་མ་ཟད། ནམ་རྒྱུན་ཕ་མ་དང་སློབ་ཕྲུག་ཚོས་བོད་སྐད་ཡིག་ལ་དོ་སྣང་དང་། འབྲེལ་ཡོད་མི་སྣའི་དོ་དམ་ལ་མིག་དཔེར་འོས་པའི་ཕྱག་ལས་གནང་བཞིན་པར་སོང་། གོང་འཁོད་བོད་སློབ་ཀྱི་དགེ་རྒན་ཚེ་རིང་གཉེར་པ་ལགས་སུ་ཨར་གྷོའོ་བོད་སློབ་གྱི་གནས་སྟངས་བཅར་འདྲི་ཞུས་པར་ཁོང་གིས་གསུང་དོན། འདི་ག་ས་གནས་བོད་སློབ་འདི་སྤྱི་ལོ་༢༠༠༥་ལོར་སློབ་ཕྲུག་གྲངས་༡༠་ཙམ་ནས་དབུ་ཚུགས་པ་ཞིག་རེད་འདུག་ལ། ༢༠༡༡ ལོ་ནས་འཛིན་ཁང་གཏན་འབེབ་ཐོག་སྔོན་འགྲོ་འཛིན་གྲྭ་གཅིག་དང་། འཛིན་གྲྭ་དང་པོ་གཅིག གཉིས་པ། གསུམ་པ། བཞི་པ་བཅས་འཛིན་རིམ་རིམ་པར་ཕྱེས་ནས་འཚོག་བཞིན་ཡོད་པ་དང་། ༧གོང་ས་མཆོག་གི་འཁྲུངས་སྐར་ལ་མ་གཏོགས་སུད་སིའི་སློབ་གྲྭ་སྤྱི་ཡོངས་ཀྱི་གུང་གསེང་སོགས་ལའང་ངལ་གསོ་མི་གནང་བར་གཟའ་སྤེན་པ་ཆད་མེད་ཐོག་བོད་ཡིག་སློབ་ཁྲིད་གནང་ཡོད། ཅེས་དང་། ད་ལྟ་གྲུབ་འབྲས་ཅུང་བྱུང་འདུག་པ་འདི་ནི་དགེ་རྒན་རྣམ་པ་དང་། སློབ་ཕྲུག ཕ་མ་བཅས་མཉམ་རུབ་ཐོག་ཧུར་བརྩོན་གནང་བ་ལས་བྱུང་པ་ཞིག་ཡིན། ཞེས་གསུང་གནང་སོང་།

 

ཨར་གྷོའོ་བོད་སློབ་འགན་འཛིན་དང་རིག་གཞུང་འགན་འཛིན་ཚེ་དབང་སྨོན་གསལ་ལགས་སུ་བོད་སློབ་སྐོར་དང་དེ་འབྲེལ་བོད་སློབ་སྤྱི་ཡར་རྒྱས་གཏོང་ཕྱོགས་ཐད་བཅར་འདྲི་ཞུས་པར། ཁོང་གིས་གསུང་དོན། ལོ་ལྟར་སུད་སི་ནང་བོད་སྐད་ཡིག་འགྲན་བསྡུར་དང་རིག་རྩལ་འགྲན་བསྡུར་དེ་འདྲ་འཚོག་བཞིན་པ་དེ་བཞིན་ད་དུང་མུ་མཐུད་འགྲོ་ཐུབ་པ་དང་། སུད་སི་བོད་སློབ་ཁག་གི་སློབ་ཕྲུག་མཉམ་འཛོམས། ས་གནས་ཁག་དང་སུད་སི་བོད་རིགས་མི་མང་འདུ་འཛོམས་སྐབས་གཞས་སྣ་འགྲན་བསྡུར་དང་། གཏམ་བརྗོད་སོགས་གྱི་མཛད་གོ་སྒྲིག་ཞུ་ཐུབ་དགོས་པ། གཞན་ང་ཚོའི་བོད་རིགས་ཚོར་གོམས་གཤིས་ཡག་པོ་མེད་པ་ཞིག་ལ་དེབ་ཀློག་པའི་གོམས་གཤིས་ཤིན་ཏུ་སྐྱོ་བོ་ཡིན་ཙང་། དེབ་ཀློག་ཡ་དང་འབྲི་ཡ་མང་ཙམ་གནང་སྟེ་དེབ་ཀློག་པའི་གོམས་གཤིས་གསོ་སྐྱོང་གནང་ཐབས་ཆེད་ཟབ་སྦྱོང་རེ་སྤྲོད་ཐུབ་དགོས་པ་གལ་ཆེན་པོ་ཡིན་པ་དང་། གལ་ཆེ་ཤོས་གཅིག་ནི་ཕ་མ་ཡིན་ཙང་། ཉུང་མཐར་ཉིན་རེ་ལ་ཆུ་ཚོད་གཅིག་ཙམ་རིང་བུ་གུ་མཉམ་དུ་བོད་ནང་སྒྲུང་བཤད་ཡ་དང་། བུ་གུ་མཉམ་དུ་བོད་ཡིག་སྦྱོང་ཡ་སོགས་གནང་རྒྱུ་གལ་ཆེན་པོ་རེད། དགེ་རྒན་གལ་ཆེན་པོ་ཡིན་ཀྱང་། ཕ་མ་རྣམས་ཀྱིས་དོ་སྣང་མ་གནང་ཚེ་བོད་ཡིག་ཡར་རྒྱས་འགྲོ་རྒྱུ་ཧ་ཅང་དཀའ་ལས་ཁག་པོ་རེད། ཉུང་མཐར་བུ་གུ་ལ་ཉི་མ་རེ་ལ་བོད་ཡིག་ཚིག་གསུམ་རེ་དང་། ཡང་ན་བོད་པའི་གཏམ་དཔེ་གཅིག་རེ། ཡང་ན་སྒྲུང་གཅིག་རེ་ཤེས་སུ་འཇུག་ཡ། ཡང་ན་བོད་པའི་ལྟད་མོ་བརྙན་ཐུང་རེ་ལྟ་རུ་འཇུག་རྒྱུ་སོགས། གང་ལྟར་ཉིན་མ་རེ་ལ་བོད་པའི་སྐད་དང་ཡི་གེ་དང་འབྲེལ་བའི་ལས་ཀ་རེ་བྱ་དགོས་རྒྱུ་ཤིན་ཏུ་གལ་ཆེན་པོ་རེད། འདི་ནི་ང་ཚོས་ས་གནས་ནང་སྔ་ས་ནས་ཕ་མ་དང་སློབ་ཕྲུག་ཚོར་འབོད་སྐུལ་ཞུས་ནས་ལག་བསྟར་གནང་དགོས་སྐོར་ཞུས་ཡོད་ལ། སུད་སི་བོད་སློབ་ཁག་ཡོངས་ཀྱི་ཕ་མ་ཚོས་དེ་ལྟར་གནང་ཚེ་བོད་སྐད་ཡིག་ཡར་རྒྱས་འགྲོ་བར་ཕན་ཐོག་ཆེན་པོ་ཡོད་པ་དང་། ད་དུང་ས་གནས་ཁག་གི་དགེ་རྒན་དང་ཕ་མའི་བར་ཚོགས་འདུ་ཐེངས་མང་པོ་དང་གང་མང་འཚོགས་ནས་སྐད་ཆ་བཤད། གྲོས་བསྡུར་བྱས། བསམ་བློ་བརྗེ་རེས་གནང་རྒྱུ་ཡང་གལ་ཆེན་པོ་རེད་འདུག ཅེས་གསུང་གནང་སོང་།

བཅར་འདྲི་ཞུ་མཁན། ཙ་ཡུས་ཕུན་ཚོགས།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

9 དང་ 4 སྡོམས་རོགས།