སུད་སི་ས་གནས་ཡོ་ནཱར་ལོ་རེའི་ཡུལ་མིའི་དཔྱིད་ཀའི་དུས་སྟོན།

༢༠༡༡ ཕྱི་ཟླ་ ༤ ཚེས་ ༢༩ རེས་གཟའ་པ་སངས་དགོང་དྲོ་ནས་ཕྱི་ཟླ་ ༥ ཚེས་ ༡ རེས་གཟའ་ཉི་མའི་དགོང་དྲོ་བར་སུད་སི་ས་གནས་ཡོ་ནཱར་ལོ་རེའི་ཡུལ་མིའི་དཔྱིད་ཀའི་དུས་སྟོན་ཚུགས་ཡོད་པ་དང་། སྐབས་དེར་ས་གནས་བོད་ཡིག་སློབ་གྲྭའི་དཔལ་འབྱོར་བསྡུ་འགོད་ཆེད་སྔར་ལམ་ལྟར་བོད་ཟས་བཞེས་མོག་དང། ཤ་བག་ལེབ། ཚལ་མོ་མོག ཚལ་བག་ལེབ་སོགས་འཚོང་འགྲེམས་གོ་སྒྲིག་ཞུ་བཞིན་སྐོར་སྐུ་དཔར་ཐོག་ནས་གཟིགས་ཀྱི་ཡོད།ད་ཕན་མི་ལོ་སུམ་ཅུར་ཉེ་བའི་རིང་ལས་འགུལ་འདིའི་ནང་ས་གནས་བོད་ཡིག་སློབ་གྲྭའི་དགེ་ལས་ཕ་མ་རྣམས་ནས་སྐུ་ལས་ཚད་མེད་ཅིག་བསྐྱོན་ཡོད་ལ་མི་མང་ཁོངས་ནས་ཕྱག་རོགས་ཧ་ཅང་ཤུགས་ཆེན་པོ་གནང་ཡོད། ད་རེ་བོད་ཡིག་སློབ་གྲྭ་འདི་བཞིན་ཚོགས་ཆུང་གི་མཉམ་རུབ་འཛིན་སྐྱོང་གནང་རྒྱུ་གཏན་འབེབས་ཟིན་པ་བཅས་ལ་སོང་རྒན་གཞོན་བར་གསུམ་ཚང་མས་སྐུ་ལས་མཉམ་རུབ་གནང་ཡོད།སྐབས་འདིར་ཡུལ་མིའི་མཉམ་དུ་མཐུན་བསྒྲིལ་བཟང་པོ་ཡོང་འདུག་པ་མ་ཟད། དུས་སྟོན་འདིའི་རིང་བོད་སློབ་ཀྱི་བོད་ཟས་འཚོང་ཡུལ་འདི་དུས་སྟོན་འདིའི་མི་མང་དགའ་མོས་ཆེ་ཤོས་དེ་ཡིན་ལ། བོད་ཟས་མ་ཐོབ་པར་དུས་ཡུན་རིང་པོར་སྒུག་སྡོད་བྱ་དགོས་ཡོད་ནའང་མི་མང་རྣམས་ནས་ངང་རྒྱུན་རིང་པོ་གནང་གི་འདུག བོད་དང་བོད་ཟས་བོད་མིའི་ངོ་སྤྲོད་དྲིལ་བསྒྲགས་ཀྱང་རང་ཤུགས་ཀྱི་ཡོང་གི་ཡོད།དུས་སྟོན་གོ་སྒྲིག་ཚོགས་ཆུང་ནས་གནས་ཚུལ་གསལ་བསྒྲགས་སྔ་ཕྱི་གནང་བབ་ལ་གཞིགས་ན་ད་རེས་དུས་སྟོན་འདི་བཞིན་མཇུག་ཤོས་ཡིན་པ་གསུངས་ཀྱི་ཡོད། མང་ཚོགས་ནས་མུ་མཐུད་གནས་རྒྱུར་རེ་བ་ཡང་ཆེན་པོ་བྱེད་ཀྱི་འདུག གལ་ཏེ་མཇུག་ཤོས་ཡིན་པར་གཏན་འཁེལ་དབང་དུ་གཏང་ན་ང་ཚོར་གྱོང་གུན་ཆེན་པོ་ཞིག་ཆགས་འགྲོ་བ་ཡིན། ང་ཚོས་མུ་མཐུད་གནས་ཐུབ་པར་རེ་བ་རྒྱག་རྒྱུ་དང་ཐབས་ལམ་ཇི་ཡོད་འཚོལ་རྒྱུ་མ་ཟད། དེ་བཞིན་འགྲུབ་པའི་སྨོན་འདུན་ཡང་ཞུ་གི་ཡོད་ཅེས་བོད་སློབ་འགན་འཛིན་རྒྱུན་ལས་རྣམས་ནས་གསུང་གི་འདུག་པའི་གནས་ཚུལ་དུ། འདྲ་པར་་ སྒོ་སྤེ་ཡོན་ཏན་ནས།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

6 དང་ 6 སྡོམས་རོགས།