སུད་སི་ས་གནས་བྷུའི་ལག་གྲོང་སྡེ་ཚོགས་ཁང་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ ནོ་བྷེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་གནང་ནས་ལོ་ངོ་ ༢༤ འཁོར་བའི་དུས་དྲན་གཟབ་རྒྱས་གནང་བ།

ཕྱི་ལོ་ ༢༠༡༣ ཟླ་བ་ ༡༢ ཚེས་ ༡༤ ཉིན་སུད་སི་ས་གནས་བྷུའི་ལག་གྲོང་སྡེའི་ཚོགས་ཁང་ནང་སུད་སི་དང་ལིཀ་ཏེན་སིཊཡན་བོད་རིགས་མི་མང་ནས་གོ་སྒྲིག་ཞུས་པས་༸བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་འཛམ་གླིང་ནོ་བྷེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་ངོ་ ༢༤ འཁོར་བའི་དུས་དྲན་རྒྱས་པ་སྲུང་བརྩི་ཞུས་ཡོད་པ་རེད།

ཐོག་མར་རི་ཀོན་ཆོས་འཁོར་དགོན་གྱི་མཁན་བླ་དགེ་འདུན་རྣམ་པ་དང་ སྐུ་མགྲོན་གཙོ་བོ་རང་གཞུང་༸དཔལ་ལྡན་དཔལ་འབྱོར་བཀའ་བློན་སྐུ་ངོ་ཚེ་རིང་དོན་གྲུབ་མཆོག་དང་། དེ་བཞིན་སྤྱི་ཟུར་རྣམ་པ་དང་ཚོགས་སྐྱིད་ཁག་གི་མཛད་གཙོ་རྣམ་པ་ ཕྱི་ནང་སྐུ་མགྲོན་རྣམས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་སྤོས་སྣེས་སྔོན་བསུས་ཏེ་ཚོགས་ཁང་ནང་བདེན་འདྲེན་ཞུས་ནས་བཞུགས་ཁྲིར་མངའ་གསོལ་ཞུས་ཡོད་པ་རེད། མི་མང་གི་ཟློས་ཚོགས་ནས་དབུ་འཁྲིད་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་གསུང་གནང་མཛད། སྐུ་པར་རིན་པོ་ཆེར་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་པ་དང་མཇལ་དར་འབུལ་རྗེས་བོད་བསྟན་སྲིད་དང་མི་རིགས་ཀྱི་དོན་རང་སྲོག་བློས་གཏོང་བ་རྒྱལ་གཅེས་དཔའ་བོ་ཕོ་མོ་ཡོངས་ལ་རྗེས་དྲན་དང་མྱ་ངན་གུས་འདུད་ངག་བཅད་གནང་བ་དང་། དགེ་འདུན་རྣམ་པས་དབུས་མང་ཚོགས་ནས་༸རྒྱལ་བའི་ཞབས་བརྟན་དང་བདེན་གསོལ་སྨོན་ཚིག་བཅས་གསུང་།

 གསོལ་ཇ་ཞལ་འབྲས་འབུལ་བཞིན་ཐོག་མི་མང་ཟློས་གར་ནས་བཀྲ་ཤིས་ཞོལ་པ་དང་། སུད་སི་སྟོད་སྐྱིད་ནས་རྒྱལ་གཞས་གཟིགས་འབུལ་ཞུས། མི་མང་ཚོགས་གཙོ་གང་གཞོན་ཚང་བློ་བཟང་མཆོག་ནས་དུས་དྲན་མཛད་སྒོའི་གསུང་བཤད་གནང་། སུད་སི་བོད་སློབ་ཁག་ནས་རྟེན་འབྲེལ་མཚོན་ཆེད་ཞབས་གཞས་ཁག་གཟིགས་འབུལ་ཞུས་རྗེས། མཛད་གཙོ་རྣམས་ནས་གསུང་བཤད་ཁག་གནང་ཡོད། སུད་སི་ས་གནས་ཚོགས་ཆུང་ཁག་དང་ཚོགས་སྐྱིད་ཁག་ནས་རིམ་བཞིན་ཞབས་གཞས་ཁག་གཟིགས་འབུལ་ཞུས།

མི་མང་ཚོགས་གཙོ་ཚོགས་གཞོན་གཉིས་ནས་འདི་ལོའི་གོམ་བགྲོད་པ་རྣམས་ལ་ཐུགས་རྗེ་ལེགས་འབུལ་མཇལ་དར་འབུལ་གནང་མཛད། དགོང་དྲོའི་གསོལ་ཚིག་གོང་མང་ཚོགས་ལ་འདི་ལོའི་མི་མང་ནས་གོ་སྒྲིག་ཞུས་པས་གོམ་བགྲོད་དང་འབྲེལ་བའི་གློག་བརྙན་གཟིགས་འབུལ་ཞུས། གསོལ་ཚིག་རྗེས་མི་མང་ཟློས་གར་ནས་གཞས་སྣ་འཁྲབ་སྟོན་གནང་རྗེས་རྒྱན་ཤོག་བྱ་དགའ་ཁག་གནང་། ནེ་ལུང་ཚེ་རིང་སྟོབས་ལྡན་ལགས་ནས་སྣེ་ཁྲིད་སྒོར་གཞས་འཁྲབ་ནས་མཛད་སྒོ་བཀྲིས་ལོ་ལེགས་ངང་འཇུག་སྒྲིལ་བྱུང་ཡོད།  འདྲ་པར་་་་

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

6 དང་ 6 སྡོམས་རོགས།