ས་གནས་སོ་ལོ་ཐོོན་དུ་ནང་ཆོས་ངོ་སྤྲོད་དང་བོད་དོན་སློབ་གསོ།

ཟླ་༧ ཚེས་༡༥ ཉིན་སུད་སི་དང་ལེག་ཏེན་སི་ཊཡན་བོད་རིགས་མི་མང་གི་ལས་འཆར་བཞིན་ས་གནས་ཚོགས་ཆུང་སོ་སོའི་གོ་སྒྲིག་འོག་མི་མང་ལ་ནང་ཆོས་ངོ་སྤྲོད་དང་། བོད་དོན་སློབ་གསོའི་ལས་འགུལ་མུ་མཐུད་འགྲོ་བཞིན་པ་ལྟར། ད་རེས་ས་གནས་སོ་ལོ་ཐོན་ཚོགས་ཆུང་གི་གོ་སྒྲིག་འོག་ས་གནས་མི་མང་ལ་ནང་ཆོས་ངོ་སྤྲོད་དང་བོད་དོན་སློབ་གསོའི་ལས་འགུལ་སྤེལ་ཡོད་འདུག

གོང་ཚེས་ཉིན་ས་གནས་རྒྱུན་ལས་ཐུན་མོང་གིས་དུས་རིང་པོར་ས་གནས་མི་མང་ལ་གསལ་བསྒྲགས་དང་འགྲེལ་བརྗོད་གང་མང་ཞུས་ཟིན་པ་ལྟར། ཞོགས་པའི་ཆུ་ཚོད་༡༠ བ་ནས་མི་མང་མཉམ་འཛོམས་གནང་ཡོད་པ་དང་། རི་ཁོན་མཁན་རིན་པོ་ཆེ་མཆོག་གིས་ནམ་རྒྱུན་ལྟར་ས་གནས་མི་མང་ལ་དགེ་སྡུག་གི་ཕན་ཡོན་དང་། ཞལ་འདོན་དང་མཆོད་འབུལ་སོགས་ཀྱི་ཕན་ཡོན། ནང་ཆོས་ཀྱི་སློབ་གསོ་བརྒྱུད་དུས་རྒྱུན་འཚོ་བའི་ནང་བདེ་སྐྱིད་སྐྲུན་ཐབས་སམ། བསམ་བློ་གཏོང་ཕྱོགས་གང་ལ་ཇི་ལྟར་ཕན་ཀྱིན་ཡོད་པའི་སྐོར་བཀའ་སློབ་ཟབ་རྒྱས་གནང་ཡོད་པ་དང་། ཁྱད་པར་ནང་ཆོས་ཀྱི་སློབ་གསོའམ། གཞན་ཕན་གྱི་སྙིང་སྟོབས་ལ་བརྟེན་ནས་ནམ་རྒྱུན་འཚོ་བའི་ནང་གི་དཀའ་ངལ་ཁག་ལ་གདོང་ལེན་གནང་ཕྱོགས་དང་། སྤྱི་བའི་ལས་དོན་ཁག་ལ་དོ་སྣང་དགོས་པའི་སྐོར་ཀྱི་བཀའ་ཆོས་ཟབ་མོ་གནང་ཡོད་འདུག

དེ་རྗེས་སུད་སི་དང་ལེག་ཏེན་སིཊ་ཡན་བོད་རིགས་མི་མང་གི་ཚོགས་གཙོ་བསྟན་འཛིན་སྙིང་པོ་ལགས་ཀྱིས་ས་གནས་མི་མང་བླངས་དོར་བཀའ་སློབ་དང་། དམིགས་བསལ་བོད་མི་ཚོས་བོད་དོན་འཐབ་རྩོད་ཐད་ལས་འགན་འཁུར་དགོས་པའི་གལ་གནད་ཁག་གི་སྐོར་ལ་བཀའ་སློབ་གནང་ཡོད་པ་དང་།

ཉིན་རྒྱབ་ལ་སུད་སི་སྐུ་ངོ་དོན་གཅོད་སྐུ་ངོ་དངོས་གྲུབ་རྡོ་རྗེ་མཆོག་གིས་མི་མང་ལ་བོད་དོན་སློབ་གསོའི་བཀའ་སློབ་གནང་ཡོད་པ་དང་། ཁོང་གིས་མི་མང་ལ་བོད་ཀྱི་གནས་སྟངས་དང་། དམིགས་བསལ་ཆོས་དང་རིག་གཞུང་། ནང་སྒོས་སུ་བོད་ཀྱི་ཐུན་མོང་མ་ཡིན་པའི་ཡ་རབ་བཟང་སྤྱོད་དང་། སྐད་ཡིག བོད་དོན་འཐབ་རྩོད་གནང་ཕྱོགས་སོགས་ནས་བཀའ་སློབ་ཟབ་རྒྱས་གནང་ཡོད་འདུག བཀའ་སློབ་རྗེས་མི་མང་གིས་བོད་དོན་དང་འབྲེལ་བའི་དྲི་བ་དྲིས་ལན་གནང་བ་དང་། དམིགས་བསལ་སུད་སིའི་ས་གནས་ཁག་གི་བོད་སློབ་ཀྱི་གནས་སྟངས་ཐད་བསམ་ཚུལ་དང་རེ་འདུན་ཁག་མང་པོ་ཞུས་ཡོད་འདུག

མཇུག་མཐར་ས་གནས་ཚོགས་ཆུང་གི་ཚོགས་བསམ་གཏན་བཀྲ་ཤིས་ལགས་ནས་མཁན་རིན་པོ་ཆེ་མཆོག་དང་དོན་གཅོད་སྐུ་ངོ་གཉིས་ལ་དམིགས་བསལ་བཀའ་དྲིན་ཆེ་ཞུས་པ་སྦྲགས། ཉིན་རྒྱབ་ཆུ་ཚོད་བཞི་བའི་ཐོག་མཛད་རིམ་ཡོང་སུ་མཇུག་བསྡུ་གནང་ཡོད་འདུག

གསར་འགོད་པ། ཙ་ཡུས་ཕུམ་ཚོགས།

 

 

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

4 དང་ 7 སྡོམས་རོགས།