ལྡི་ལིར་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ལས་འགུལ་གྱི་གསར་འགོད་བསྒྲགས་གཏམ།

༢༠༡༡ ཟླ་ ༡༠ ཚེས་ ༡༩ རེས་གཟའ་ལྷག་པ། བརྙན་འཕྲིན་འདིར་གཟིགས།
༄༅། །བོད་ནང་དང་ལྷག་པར་བོད་རྔ་པ་ཀིརྟི་དགོན་པའི་སེར་སྐྱ་མི་མང་ནས་གཅིག་རྗེས་ གཉིས་མཐུད་ངང་རང་ལུས་མེར་བསྲེགས་བཏང་བའི་གནད་དོན་དེར་བོད་མི་སྤྱི་དང་བོད་ དོན་རྒྱབ་སྐྱོར་བ་ཚང་མ་བློ་འཚབ་ཆེན་པོ་བྱུང་ཞིང་། དོན་རྐྱེན་དེ་དག་གིས་བོད་ནང་གི་གནས་ཚུལ་ཆེས་ཛ་དྲག་དང་། ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པ་ར་སྤྲོད་གསལ་པོ་བྱུང་ཡོད། བོད་ནང་གི་བོད་མི་ཚོས་འ་ཆད་འུ་ཐུག་ནས་གནས་ཚུལ་དེ་ལྟར་སྤེལ་བར་རྒྱབ་སྐྱོར་ དང་གདུང་སེམས་མཉམ་བསྐྱེད་མཚོན་ཆེད་འདི་ཟླ་ ༡༠ ཚེས་ ༡༨ ནས་ ༢༡ བར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་དབུ་ཁྲིད་པའི་མི་མང་ལས་འགུལ་གཞི་རྒྱ་ ཆེ་བ་ཞིག་རྒྱ་གར་རྒྱལ་ས་ལྡི་ལིར་སྤེལ་རྒྱུ་ཡིན་པའི་ཞིབ་ཕྲའི་ལས་རིམ་ཟུར་ ཡོད་ལྟར།

༡༽ ཕྱི་ཚེས་ ༡༤ ནས་ ༢༡ བར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཁག་གཉིས་ཚོགས་གཙོ་བགྲེས་གཞོན་ གྱིས་དབུ་ཁྲིད་དེ་ལྡི་ལིར་བཅའ་བཞུགས་ཕྱི་རྒྱལ་གཞུང་ཚབ་ཁང་ཁག་དང་། རྒྱ་གར་གྱི་གནད་ཡོད་དཔོན་རིགས་ཁག་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་དང་ རྒྱབ་སྐྱོར་འབོད་བསྐུལ་ཞུ་ཆེད་བཅར་མུས་དང་།

༢༽ ཕྱི་ཚེས་ ༡༨ ཉིན་བོད་མི་མང་སྤྱི་འཐུས་རྣམས་ཆུ་ཚོད་ ༢༤ རིང་ལྡི་ལི་གསར་པའི་ཇྷ་ཏར་མན་ཏར་ས་གནས་སུ་ཟས་བཅད་དུ་བཞུགས་རྒྱུ།
༣༽ ཕྱི་ཚེས་ ༡༩ ཉིན་རྡ་ས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་༸གོང་ས་༸སྐྱབས་མགོན་ ཆེན་པོ་མཆོག་དབུ་བཞུགས་ཐོག་གཞུང་འབྲེལ་མཆོད་འབུལ་སྨོན་ལམ་དང་སྟབས་བསྟུན། བོད་མི་གནས་ཡུལ་འཛམ་གླིག་ཡུལ་གྲུ་ཁྱོན་ཡོངས་ལ་ཉིན་བརྒྱ་དུས་གཅིག་ཏུ་སྨྱུང་ གནས་སྨོན་ལམ་ཚུགས་རྒྱུ་དང་། རྒྱ་གར་དང་བལ་ཡུལ་ནས་མི་མང་ ༣༠༠༠ ལྷག་རྒྱ་གར་རྒྱལ་ས་ལྡི་ལིར་འཛོམས་ཏེ་རཱཇ་གྷཊ་ས་གནས་སུ་སྨྱུང་གནས་སྨོན་ལམ་ གྲུབ་མཚམས། ཇྷ་ཏར་མན་ཏར་བར་དགེ་འདུན་པས་སྣེ་ཁྲིད་དེ་ཞི་བའི་གོམ་བགྲོད་གཞི་རྒྱ་ཆེ་བ་ ཞིག་སྤེལ་རྒྱུ།
༤༽ ཕྱི་ཚེས་ ༢༠ ཉིན་སམ་ཏཱ་སེ་ཐཱལ་ས་གནས་ནས་ཇྷ་ཏར་མན་ཏར་བར་བུད་མེད་རྣམས་ཀྱིས་སྣེ་འཁྲིད་དེ་ ཞི་བའི་གོམ་བགྲོད་གཞི་རྒྱ་ཆེ་བ་ཞིག་སྤེལ་རྒྱུ།
༥༽ ཕྱི་ཚེས་ ༢༡ ཉིན་སམ་ཏཱ་སེ་ཐཱལ་ས་གནས་ནས་ཇྷ་ཏར་མན་ཏར་བར་གཞོན་སྐྱེས་རྣམས་ཀྱིས་སྣེ་ཁྲིད་ དེ་ཞི་བའི་གོམ་བགྲོད་གཞི་རྒྱ་ཆེ་བ་ཞིག་སྤེལ་རྒྱུ།

གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ལས་འགུལ་གྱི་ འབོད་བསྐུལ་ཁག

༡༽ རྒྱ་ནག་གཞུང་ནས་བོད་ནང་གི་བོད་མིའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་ རང་མོས་ལ་སྲུང་བརྩི་ཞུ་དགོས་པའི་འབོད་བསྐུལ་ཤུགས་དྲག་ཞུ་རྒྱུ་ཡིན།
༢༽ རྒྱ་ནག་གཞུང་ནས་ད་ལྟའི་བོད་ཐོག་ལག་བསྟར་བྱེད་བཞིན་པའི་གཡོན་ཐལ་མཁྲེགས་འཛིན་ གྱི་སྲིད་བྱུས་ལ་བསྐྱར་ཞིབ་བྱས་ཏེ། དོན་དམ་བོད་མིའི་མངོན་འདོད་དང་མཐུན་ལ་འཆམ་མཐུན་སྤྱི་ཚོགས་ཤིག་སྐྲུན་ཐུབ་ པའི་གུ་ཡངས་སྲིད་བྱུས་ལག་བསྟར་ཡོང་བའི་འབོད་བསྐུལ་ཤུགས་དྲག་ཞུ་རྒྱུ།
༣༽ རྒྱ་ནག་ནས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཚད་དོན་དམ་སྲུང་བརྩི་དགོས་པ་ རྒྱལ་ཁབ་ཁག་གི་གཞུང་དང་མཉམ་འབྲེལ་རྒྱལ་ཚོགས་ནས་སྐུལ་མ་ནན་པོ་གཏོང་དགོས།
༤༽ བོད་ནང་གི་དངོས་ཡོད་གནས་སྟངས་ལ་རྟོག་ཞིབ་ཆེད་རྒྱལ་སྤྱིའི་རང་དབང་ལྡན་པའི་ རྟོག་ཞིབ་ཚོགས་ཆུང་དང་གསར་འགོད་པ་བོད་དང་ལྷག་པར་རྔ་བ་ཀིརྟི་ཡུལ་དགོན་དུ་ བསྐྱོད་ཆོག་པའི་ཆོག་མཆན་གནང་དགོས།

༥༽ བོད་རྔ་བ་ཀིརྟི་དགོན་པར་འགྲེམས་འཇོག་བྱས་པའི་དྲག་ཆས་ཉེན་རྟོག་དམག་མི་ཡོངས་ རྫོགས་ཕྱིར་འཐེན་དགོས་པའི་འབོད་བསྐུལ་ཞུ་རྒྱུ།
༦༽ རང་ལོ་ ༡༨ སོན་པའི་གྲྭ་བློ་བཟང་སྐལ་བཟང་དང་། རང་ལོ་ ༡༩ སོན་པའི་གྲྭ་བློ་བཟང་དཀོན་མཆོག རང་ལོ་ ༡༧ སོན་པའི་གྲྭ་སྐལ་བཟང་དབང་ཕྱུག རང་ལོ་ ༡༩ སོན་པའི་སྐྱ་བོ་ནོར་བུ་དགྲ་འདུལ་བཅས་ཀྱི་གནས་སྟངས་ཇི་ཆགས་དང་། ད་ལྟ་གང་དུ་ཡོད་པ་གསལ་པོ་བཟོ་དགོས་བཅས།

བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་ནས།
ཕྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༡༨ ལ། བརྙན་འཕྲིན་འདིར་གཟིགས།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

5 དང་ 4 སྡོམས་རོགས།