རི་ཀོན་ཆོས་འཁོར་དགོན་དུ་སུད་སི་ས་གནས་དབུས་གཙང་ཆོལ་ཁས་མཆོད་འབུལ་སྨོན་ལམ་གོ་སྒྲིག་ཞུས།

ཉེ་ལམ་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ནས་དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་གི་བཀའ་ཡིག་ཕེབས་དོན་ལྟར། རང་ཅག་ཁ་བ་གངས་ཅན་པ་ཡོངས་ཀྱི་མགོན་སྐྱབས་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་གསང་གསུམ་ལ་གེགས་དང་བར་ཆད་ཀྱི་རྐྱེན་ཕྲ་མོ་ཙམ་ཡང་མི་བྱུང་བར་སྐུ་རྟག་བརྟན་གཡོ་བ་མེད་པར་བསྐལ་བརྒྱར་བཞུགས་པ། རླབས་ཆེན་གྱི་ཐུགས་བཞེད་མཐའ་དག་ལྷུན་གྱིས་འགྲུབ་པ། བོད་འབངས་བདེ་ཐབས་སུ་དམིགས་ཏེ། ཚོགས་སྐྱིད་ཁག་དང་། སྒེར་སོ་སོ་ངོས་ནས་དགེ་བའི་ལས་ལ་འཇུག་པའི་མཆོད་འབུལ་སྨོན་ལམ་གསུང་འདོན་ཡོང་བའི་དགེ་བསྐུལ་གནང་ཡོད་པ་ལྟར།

འདི་ག་སུད་སི་དང་ལིག་ཏེན་སིཊཡན་ས་གནས་དབུས་གཙང་ཆོལ་ཁས་ཕྱི་ལོ་ ༢༠༢༢ ཟླ་ ཚེས་ ཉིན་རི་ཀོན་ཆོས་འཁོར་དགོན་དུ་མཆོད་འབུལ་སྨོན་ལམ་གོ་སྒྲིག་ཞུས། དེའི་ཉིན་གྱི་ཞོགས་པ་ཆུ་ཚོད་ ༠༩།༣༠ སྟེང་རི་ཀོན་ཆོས་འཁོར་དགོན་གྱི་མཁན་པོ་ ཐུབ་བསྟན་ལེགས་སྨོན་མཆོག་གིས་དབུས་པའི་དགེ་འདུན་པ་ཞལ་གྲངས་བདུན། བོད་མི་མང་སྤྱི་ཟུར་ལྔ། རང་གཞུང་སུད་སི་སྐུ་ཚབ་དོན་གཅོད་སྐུ་ངོ་འཆི་མེད་རིག་འཛིན་མཆོག སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་གི་ཚོགས་གཙོ་ཀརྨ་ཆོས་སྐྱིད་མཆོག སུད་སི་ས་གནས་མདོ་སྨད་མི་མང་གི་ཚོགས་གཙོ་ར་རྫ་ཚང་སྨོན་ལམ་མཆོག ས་གནས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་ མ་མཚན་ཚེ་རིང་གཡུ་སྒྲོན་མཆོག་དང་བཅས་མི་མང་ ༡༥༠ ཙམ་ཞིག་འདུ་འཛོམས་ཀྱིས་༧རྒྱལ་བའི་ཞབས་རིམ། ཡིག་དྲུག སྒྲོལ་མའི་གཟུངས་སྔགས། བོད་སྐྱོང་སྲུང་མའི་འཕྲིན་བསྐུལ། བསྟན་རྒྱས་སྨོན་ལམ་སོགས་འུར་འདོན་གྱིས་བསྟན་སྲིད་ཞབས་རིམ་སྨིན་གྲུབ་ཞུས། ཕྱི་ལོ་ ༢༠༢༠ ལོ་འགོ་ནས་ཏོག་དབྱིབས་རིམས་ནད་ ༡༩ ཐེམ་སྤང་བཀའ་རྒྱའི་རྗེས་སུ་མཆོད་འབུལ་སྨོན་ལམ་ཉིན་ མོར་མི་མང་འདུ་འཛོམས་མང་ཤོས་ཞིག་ཡིན་པ་ཞུས་ནའང་བདེན། ཉིན་དེར་གནམ་གཤིས་ཚ་གྲང་ཧ་ཅང་སྙོམས་ལ་མཆོད་མཇལ་བ་འགའ་ཤས་དགོན་པའི་ཕྱི་རར་བཞུགས་ནས་ཞལ་འདོན་གསུང་འདོན་གནང་།

གསོལ་ཇའི་བར་སེང་སྐབས་ས་གནས་དབུས་གཙང་ཆོལ་ཁའི་ཚོགས་གཙོ་བརྡ་སྐྱེལ་ཐུབ་བསྟན་དགེ་ལེགས་ལགས་ཀྱིས་བསྟན་སྲིད་ཞབས་རིམ་གོ་སྒྲིག་ཞུ་དགོས་དོན། མཆོད་འབུལ་གྱི་ཉིན་མོར་མི་མང་ཧ་ཅང་མང་པོ་མཉམ་ཞུགས་གནང་ཡོད་པར་དགའ་བའི་ཚོར་སྣང་དང་ཐུགས་རྗེ་ཆེ་ཞུས། དེ་ཉིན་གྱི་ཞོགས་ཇའི་སྦྱིན་བདག་དང་ཞལ་འདེབས་འབུལ་མི་ཧ་ཅང་མང་པོ་བྱུང་བས་དངུལ་གཉེར་སྒང་དྲུག་བསོད་ནམས་ལགས་ཀྱིས་ཞལ་འདེབས་འབུལ་བའི་མཚན་གཞུང་སྙན་སྒྲོན་དང་ཐུགས་རྗེ་ཆེ་ཞུས། དེ་ནས་མཁན་རིན་པོ་ཆེ་ཐུབ་བསྟན་ལེགས་སྨོན་མཆོག་གིས་ཚོགས་བཅར་བ་ཡོངས་ལ་བཀའ་སློབ་སྙིང་བསྡུས། དེ་ཉིན་གྱི་སྦྱིན་བདག ཞལ་འདེབས་འབུལ་མི་ཡོངས་ཀྱི་ཆེད་ཐུགས་སྨོན་དང་། ཉེ་ཆར་བེལ་ཇམ་ས་གནས་དབུས་གཙང་ཆོལ་ཁའི་དྲུང་ཆེ་ལྷ་ས་བ་བསོད་ནམས་ལགས་འདས་གྲོངས་འགྱུར་བར་ཐུགས་སྨོན་དང་། ཚེ་འདས་དེ་ཉིད་ཆེད་རིན་པོ་ཆེ་མཆོག་གིས་བསྔོ་སྨོན་གནང་། བསྟན་སྲིད་ཞབས་རིམ་གྲུབ་རྗེས་ཚོགས་བཅར་བ་ཡོངས་ལ་ཉིན་མོའི་དགུང་ཚིགས་དཀར་ཟས་སྟབས་བདེ་ཞིག་འདེགས་འབུལ་ཞུས།

ཉིན་རྒྱབ་ཆུ་ཚོད་ ༡༤།༠༠ ནས་ས་གནས་རི་ཀོན་ཚོགས་ཆུང་གི་ཚོགས་ཁང་དུ་དབུས་གཙང་མི་མང་འདུ་འཛོམས་ཀྱིས་ལོ་གཅིག་གི་བྱུང་སོང་བསྡད་གསུམ་གྱི་རྩིས་ཁྲ་དང་ལས་བསྡོམས་སྙན་སྒྲོན། དེ་ཉིན་རྩིས་པ་དང་དངུལ་གཉེར། རྩིས་དཔང་བཅས་ཀྱིས་རྩིས་ཁྲར་ཞིབ་གཤེར་མཐིལ་ཕྱིན་པ་གནང་ནས་མི་མང་ལ་སྙན་སྒྲོན་ཞུས། རྩིས་འགོ་འཇོག་སྟངས་དང་རྩིས་ཁྲ་ཁ་གསལ་བྱུང་ཡོད་པར་མི་མང་གིས་དགའ་བསུ་དང་བསྔགས་བརྗོད་ཞུས། དེ་ནས་ད་རེ་ཉེ་ཆར་ཚོགས་གཞོན་ཕི་ར་ཝ་བཀྲ་ཤིས་དོན་གྲུབ་ལགས་རྡ་ས་དབུས་གཙང་དབུས་ཚོགས་ཆེན་དུ་ངོ་བཅར་ཞུས་ཡོད་པས། ཚོགས་ཆེན་གྱི་འབྲུ་དོན། སྤྱི་མོས་སམ་མང་མོས་གྲོས་ཆོད་གང་བྱུང་བ་དེ་དག་མི་མང་གིས་མཁྱེན་རྟོགས་སླད་སྒྲོགས་སྦྱང་གནང་། ད་ཆ་སུད་སི་ས་གནས་སུ་དབུས་གཙང་ཆོལ་ཁའི་རིག་གཞུང་ཟློས་སྒར་ཚོགས་པ་ཞིག་གསར་དུ་འཛུགས་ཐུབ་པ་བྱུང་ཡོད། དེ་ཡང་སིམ་ཞི་ཚང་ཀརྨ་ལགས་ཀྱིས་ལོ་མང་རིང་འགན་རྐང་བཞེས་དང་སྐུ་ངལ་བསྐྱོན་པའི་གྲུབ་འབྲས་ཆེན་པོ་ཞིག་ཡིན། གྲུབ་འབྲས་དེར་འདི་ག་ས་གནས་མི་མང་གིས་བསྔགས་བརྗོད་ཆེན་པོ་དང་། དབུས་ནས་ཀྱང་དགའ་བསུ་དང་བསྔགས་བརྗོད་ཀྱི་ཕྱག་བྲིས་ཤིག་བསྐུར་འདུག དེ་རྗེས་མི་མང་གི་དགོངས་ཚུལ་དང་དོགས་འདྲི་ཁག་ལ་ལན་འདེབས་ཀྱིས་ཕྱི་དྲོ་ཆུ་ཚོད་ ༡༧།༠༠ ཙམ་ཚོགས་འདུ་མཇུག་བསྒྲིལ།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

7 དང་ 1 སམས་རགས།