ཡུ་རོབ་བོད་ཡིག་སློབ་གྲྭའི་འགན་འཛིན་དང་དགེ་རྒན་རྣམ་པའི་ཚོགས་ཆེན་ཐེངས་དང་པོ

༄༅། །ཡུ་རོབ་བོད་ཡིག་སློབ་གྲྭའི་འགན་འཛིན་དང་དགེ་རྒན་རྣམ་པའི་ཚོགས་ཆེན་ཐེངས་དང་པོའི་«ཕྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༢༠༽གྲོས་ཆོད་དོན་ཚན་གཉིས་པའི་འབྲུ་དོན་ལྟར། ཕྱི་ལོ་ ༢༠༡༤ ཟླ་ ༡༠ ཚེས་ ༡༠ ནས་ ༡༢ བར་ཉིན་གསུམ་རིང་སུད་སི་ས་གནས་བོད་སློབ་ཁག་གི་འགན་འཛིན་དང་དགེ་རྒན་རྣམ་པའི་ཟབ་སྦྱོང་ཞིག་འདི་ག་སུད་སི་བོད་སློབ་སྤྱི་ཁྱབ་སྒྲིག་འཛུགས་འོག་ནས་གོ་སྒྲིག་གནང་།

དེ་ཡང་རེས་གཟའ་པ་སངས་དགོང་དྲོར་ས་གནས་ཚོགས་ཆུང་ཁག་གི་བོད་སློབ་འགན་འཛིན་དང་དགེ་རྒན་རྣམ་པ། དེ་བཞིན་སྐུ་ཚབ་བཅས་ལྷན་འཛོམས་གནང་སྟེ། བོད་སློབ་སྤྱི་ཁྱབ་འགན་འཛིན་དགོན་པོ་རྣམ་རྒྱལ་ལགས་ཀྱིས་བཀོད་བསྒྲིགས་འོག་གྲ་སྒྲིག་ཚོགས་ཆུང་ནས་ལས་རིམ་དབུ་འཛུགས་ཞུས། 

ཟབ་སྦྱོང་དངོས་གཞི་ཉིན་སྟེ་རེས་གཟའ་སྤེན་པ་ཉིན་གྱི་ཞོགས་པར་ཕྲུ་གུའི་སེམས་ཁམས་དང་མཐུན་པའི་སློབ་ཁྲིད་གནང་ཕྱོགས། དེ་བཞིན་སློབ་གྲྭའི་ཡུལ་ཁྲིམས་དང་འབྱུང་རབས་བཅས་ཀྱི་ཐོག་ལ་བསྟན་འཛིན་དབང་མོ་ལགས་ཀྱིས་གསུང་བཤད་གནང་། དེ་ནས་ཚོགས་ཆུང་སྡེ་ཚན་གསུམ་ཆ་བགོས་ཀྱིས་གྲོས་བསྡུར་གནང་སྟེ། སྡེ་ཚན་སོ་སོའི་བརྗོད་གཞི་དང་འབྲེལ་བའི་ཐོག་ལ་སྙན་ཐོ་རེ་གཏན་འབེབས་ཀྱིས་དགོང་དྲོར་བསྐྱར་དུ་སྡེ་ཚན་གསུམ་ག་ལྷན་འཛོམས་སྐབས་སུ་སྙན་ཐོ་སྙན་སྒྲོན་གནང་། དེའི་ཐོག་ལ་ཚང་མས་མཉམ་རུབ་ཀྱིས་གོ་བསྡུར་ལྷུག་པོ་གནང་བ་དང་། ཆེད་མངགས་བོད་དགེ་རྒྱལ་མཚན་ལགས་ཀྱིས་དང་མོས་བཀོད་བསྒྲིགས་ཞུས་པའི་བོད་ཀྱི་སྐད་ཡིག་སློབ་ཁྲིད་གནང་ཕྱོགས་ཀྱི་སློབ་དེབ་གསར་བསྐྲུན་ཀྱི་ལས་རིམ་ཞིག་གནང་བཞིན་པའི་ཐོག་ལ་གོ་རྟོགས་བརྗེ་རེས་ཀྱང་གནང་།

དགོང་དྲོར་བསྐྱར་དུ་ཚང་མས་ཉམས་མྱོང་བཤད་རེས་གནང་རྗེས་གྲ་སྒྲིག་ཚོགས་ཆུང་ཚོགས་མི་ནས་གྲོས་མོལ་གྱི་དོན་ཚན་སྙིང་དོན་ཁག་ཕྱོགས་བསྒྲིགས་ཀྱི་སྙན་ཐོ་ཞིག་གསལ་བསྒྲགས་གནང་།

རེས་གཟའ་ཉི་མའི་ཞོགས་པར་ཚོགས་ཕེབས་ཡོངས་ལ་གྲ་སྒྲིག་ཚོགས་ཆུང་གིས་སྙན་ཐོ་སྤྱན་ལམ་ཞུས་རྗེས་སུ་ལེགས་བཅོས་མཛད་དེ་གཏན་འབེབས་ཞུས་། 

མཇུག་བསྡོམས་ཀྱི་གསུང་བཤད་སྐབས་སུ་རི་ཀོན་ཆོས་འཁོར་དགོན་གྱི་མཁན་རིན་པོ་ཆེ་གདན་ཞུ་བྱས་ཏེ་བོད་ཀྱི་སྐད་ཡིག་དང་ནང་ཆོས་སྐོར་གསུང་བཤད་གནང་། 

 

༄༅། །ཡུ་རོབ་བོད་ཡིག་སློབ་གྲྭའི་འགན་འཛིན་དང་དགེ་རྒན་རྣམ་པའི་ཚོགས་ཆེན་ཐེངས་དང་པོའི་«ཕྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༢༠༽གྲོས་ཆོད་དོན་ཚན་གཉིས་པའི་འབྲུ་དོན་ལྟར། ཕྱི་ལོ་ ༢༠༡༤ ཟླ་ ༡༠ ཚེས་ ༡༡ ཉིན་སུད་སི་ས་གནས་བོད་སློབ་ཁག་གི་འགན་འཛིན་དང་དགེ་རྒན་རྣམ་པའི་ཟབ་སྦྱོང་གི་གྲོས་མོལ་སྙིང་དོན་ཁག་གཤམ་གསལ།

དང་པོ། ས་གནས་ཚོགས་ཆུང་གི་འགན་འཛིན་དང་དགེ་རྒན་གྱི་བོད་ཀྱི་སྐད་ཡིག་སློབ་ཁྲིད་སྐོར་བསམ་ཚུལ་དང་ཉམས་མྱོང་བརྗེ་རེས་ཀྱི་ཟབ་སྦྱོང་ལོ་ལྟར་ཐེངས་གཅིག་འཚོགས་གནང་རྒྱུ།

གཉིས་པ། མ་འོངས་པར་སུད་སི་བོད་སློབ་སྒྲིག་ཁོངས་ཀྱི་ས་གནས་བོད་སློབ་ཁག་གི་བསླབ་གཞིའི་སློབ་དེབ་གཅིག་གྱུར་ཡོང་ཐབས་སུ་དབུས་ཤེས་རིག་ལྷན་ཁང་ནས་བཟོ་སྐྲུན་གནང་བཞིན་པའི་སློབ་དེབ་དང་། ས་གནས་ཁག་སོ་སོའི་སློབ་དགེ་ཚོས་སློབ་ཚན་གཏན་འབེབས་ཀྱི་སློབ་ཁྲིད་གནང་ཕྱོགས་ཁག་ལ་གཞི་བཅོལ་ནས་སློབ་དེབ་གཅིག་མཚུངས་ཤིག་ཡོང་ཐབས་སུ་གྲོས་བསྡུར་གནང་རྒྱུ།

གསུམ་པ། ས་གནས་བོད་སློབ་ཁག་གི་འབྲེལ་ཡོད་ཕ་མ་ཚོར་ཉེ་འགྲམ་གྱི་ས་གནས་མཉམ་རུབ་ཐོག་བོད་ཕྲུག་ཚོར་བོད་སྐད་སློབ་ཚུལ་ཐད་ཡར་རྒྱས་ཡོང་ཆེད་ཕ་མའི་རྒྱབ་སྐྱོར་དགོས་གལ་ཆེ་བའི་ཟབ་སྦྱོང་གོ་སྒྲིག་གནང་རྒྱུ།

བཞི་པ། ས་གནས་བོད་སློབ་ཁག་གི་ཕྲུ་གུ་ཚོར་ནང་ཆོས་དང་འབྲེལ་བའི་ཡ་རབས་བཟང་སྤྱོད་ཀྱི་གོམས་གཤིས་འཇགས་སླད་རི་ཀོན་ཆོས་འཁོར་དགོན་གྱི་མཁན་རིན་པོ་ཆེ་མཆོག་དང་མཁས་དབང་གདན་ཞུས་ཀྱི་བཀའ་སློབ་ལམ་སྟོན་ཞུ་རྒྱུའི་ལས་གཞིའི་ཐོག་འབྲེལ་ཡོད་ས་གནས་བོད་སློབ་འགན་འཛིན་གྱིས་ཐུགས་འགན་བཞེས་རྒྱུ

ལྔ་པ། ས་གནས་བོད་སློབ་ཁག་སོ་སོའི་ཕྲུ་གུའི་བོད་ཀྱི་སྐད་ཡིག་སློབ་སྦྱོང་གི་ཐད་ལ་སྤྲོ་བ་དང་དོ་སྣང་ཡོང་ཐབས་སུ་འབྲེལ་ཡོད་རྣམ་པས་ཐབས་ཤེས་ཡོད་རྒུ་རྩལ་སྤྲུག་གནང་གལ་ཆེ།

དྲུག་པ། བོད་སློབ་ཁག་གི་འབྲེལ་ཡོད་བོད་དགེ་ཚོས་བོད་ཀྱི་སྐད་ཡིག་སློབ་འཁྲིད་སྐོར་གྱི་ཉམས་མྱོང་དང་བསམ་ཚུལ་བརྗེ་རེས་ཆེད་མྱུར་འཕྲིན་(email)བརྒྱུད་ཕན་ཚུན་འབྲེལ་ལམ་རྒྱུན་འཇགས་གནང་རྒྱུ།

བདུན་པ། ཕྲུ་གུའི་སེམས་ཁམས་དང་མཐུན་པའི་སློབ་སྦྱོང་སྤྲོད་སྟངས་ཀྱི་སྐོར་ལ་བསྟན་འཛིན་དབང་མོ་ལགས་ཀྱིས་གསུང་བཤད་ལམ་སྟོན་བཞིན་བོད་སློབ་ཁག་སོ་སོའི་ནང་དེང་རབས་ཀྱི་ཤེས་ཡོན་སྲིད་བྱུས་གཞིར་བཟུང་། གནས་ཡུལ་རྒྱལ་ཁབ་ཀྱི་ཁྲིམས་དང་མཐུན་ཞིང་ཕྲུ་གུ་དབུས་བཞག་གི་སློབ་ཁྲིད་ཐབས་ལམ་ལག་བསྟར་དོན་འཁྱོལ་དང་། བོད་སློབ་ཁག་སོ་སོ་བོད་ཀྱི་སྐད་ཡིག་སློབ་ཁྲིད་ཙམ་མིན་པར་བོད་ཀྱི་རིག་གཞུང་སྲུང་སྐྱོབས་ཀྱི་ཆ་ཤས་གལ་ཆེན་ཞིག་ལ་ངོས་འཛིནཐོག་འབྲེལ་ཡོད་ཕ་མ་ཚོས་རྒྱབ་སྐྱོར་ཡོང་ཐབས་ལ་འབད་བརྩོན་གནང་རྒྱུ།

༢༠༡༤་༡༠་༡༢ ཉིན་གྲ་སྒྲིག་ཚོགས་ཆུང་ནས་ས་གནས་«Jugendhaus,Niederuzwil༽ལ་གཏན་འབེབས་ཞུས།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

9 དང་ 4 སྡོམས་རོགས།