འཇི་ནི་ཝར་རྒྱལ་ཚོགས་མདུན་དུ་རྔམ་སྟོན་ཁྲོམས་སྐོར་དང་བཅས་བོད་དོན་ཞི་བའི་གོམ་བགྲོད་ཉིན་བཅོ་བརྒྱད་པ།

ཕྱི་ཟླ་ ༡༠ ཚེས་ ༤ ནས་ཕྱི་ཚེས ༢༢ བར་སྤྱི་ལེ ༣༩༠ ལྷག་ལ་ཉིན་གྲངས་ ༡༨ རིང་སུད་སི་དང་ལིཀ་ཏེན་སིཊཡན་བོད་རིགས་མི་མང་ས་གནས་
འཐུས་ཚོགས་ཀྱིས་གོ་སྒྲིག་ཞུས་པའི་བོད་དོན་གདུང་སེམས་མཉམ་བསྐྱེད་ཞི་བའི་གོམ་བགྲོད་ཉིན་མཐའ་མ་ཡིན་པ་དང་། དབྱིན་ཡིག་དང་། འཇར་མན། ཧྥི་རན་སི་བཅས་སྐད་ཡིག་གསུམ་གྱི་ནང་བོད་ཀྱི་ད་ལྟའི་གནས་བབ་དང་། ཛ་དྲག་གི་དཀའ་ངལ་ལ་རྒྱལ་སྤྱིའི་ཚོགས་སྡེ་ཁག་གིས་གཟིགས་ཞིབ་དང་། རྒྱ་ནག་གཞུང་གི་དྲང་བདེན་མ་ཡིན་པའི་སྲིད་བྱུས་དང་དྲིལ་བསྒྲགས་མཚམས་འཇོག་དགོས་པའི་འབོད་སྐུལ་འཁོད་པའི་ཡིག་ཆ་འགྲེམས་སྤེལ་གྱིས་སུད་སི་གཞུང་དང་མི་མང་ལ་བོད་དོན་ཁྱབ་བསྒྲགས་ཤུགས་ཆེན་གནང་བཞིན་མངའ་སྡེ་བཅོ་ལྔ་ལྷག་ལ་གོམ་བགྲོད་གནང་སྟེ། དེ་རིང་རེས་གཟའ་མིག་དམར་ཉིན་རྒྱལ་སྤྱིའི་ཡོངས་ཁྱབ་འགྲོ་བ་མིའི་ཐོབ་ཐང་བསྐྱར་ཞིབ་རྒྱ་ནག་ལ་གནང་བཞིན་པའི་དུས་སྐབས་དང་བསྟུན། རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་མདུན་ཐང་དུ་མི་མང་ཆིག་སྟོང་མ་ཟིན་ཙམ་གྱི་འདུ་འཛོམས་དང་འབྲེལ་ལས་འགུལ་མཇུག་སྡོམ་གནང་ཡོད།

དེ་རིང་ཕྱི་ཚེས་ ༢༢ ཉིན་གྱི་སྔ་དྲོའི་ཆུ་ཚོད་༡༡ ཙམ་ནས་བོད་དོན་ཞི་བའི་གོམ་བགྲོད་པ་རྣམས་གྲོང་ཁྱེར་ཇི་ནི་ཝ་མཉམ་འབྲེལ་རྒྱལ་ཚོགས་མདུན་ཐང་དུ་ཕེབས་འབྱོར་ཞུ་བཞིན་པ་དང་། ལོ་བཞི་རེའི་མཚམས་སུ་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་སྡེ་ཁག་གིས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ལ་བསྐྱར་ཞིབ་གནང་རྒྱུའི་ཉིན་དང་སྟབས་བསྟུན། ཡུ་རོབ་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་དང་། སུད་སི་མི་མང་ཚོགས་གཙོ་སྦྲེལ་བོ། སུད་སི་དོན་གཅོད་སྐུ་ཚབ་ཟླ་བ་རྒྱལ་མཚོ་ལགས། སུད་སི་ལྗང་ཁུ་ཚོགས་པའི་སྐུ་ཞབས་ཇེན་རོསི་ཨཡུཏ་ལགས། རྒྱ་ནག་དམངས་གཙོ་ལས་འགུལ་ཚོགས་པའི་ཚོགས་གཙོ་ཡང་ཅིང་ལེན། དེ་བཞིན་སུད་སི་ནང་གི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་ཚོགས་གཙོ་དང་སྐུ་ཚབ་རྣམས་ཀྱིས་གཙོས་མི་མང་ཆིག་སྟོང་མ་ཟིན་ཙམ་མཉམ་འབྲེལ་ཚོགས་མདུན་དུ་མཉམ་འཛོམས་ཀྱིས། ཐེངས་འདིའི་རྒྱ་ནག་གི་འགྲོ་བ་མིའི་ཐོབ་བསྐྱར་ཞིབ་ཁྲོད་རྒྱལ་ཚོགས་གཙོས་ཚོགས་སྡེ་ཁག་གིས་དྲང་བདེན་གྱི་སྒོ་ནས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་ལྟ་ཞིབ་དང་གླེང་སློང་དགོས་པའི་འབོད་སྐུལ་ཞུ་ཆེད་རྔམ་སྟོན་ཁྲོམ་སྐོར་གཞི་རྒྱ་ཆེ་བ་ཞིག་སྤེལ་ཡོད་འདུག

སུད་སི་དང་ལིཀ་ཏེན་སིཊཡན་བོད་རིགས་མི་མང་ས་གནས་འཐུས་ཚོགས་ཀྱི་རྒྱུན་ལས་སྒོ་སྤེ་ཡོན་ཏན་ལགས་ཀྱིས་ཉིན་འདིའི་མཛད་རིམ་ངོ་སྤྲོད་དང་། དེ་བཞིན་མི་མང་ཚོིགས་གཙོ་གང་གཞི་ཚང་བློ་བཟང་ལགས་ཀྱིས་ལས་འགུལ་དང་འབྲེལ་བའི་གཏམ་བཤད་གནང་། དེ་བཞིན་རྒྱ་ནག་དམངས་གཙོ་ལས་འགུལ་ཚོགས་པའི་ཚོགས་གཙོ་དང་། ཡུ་རོབ་སྤྱི་འཐུས། སུད་སི་དོན་གཅོད་སྐུ་ཚབ། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་ཚོགས་གཙོ་དང་སྐུ་ཚབ་རྣམས་ཀྱིས་ལས་འགུལ་དང་འབྲེལ་བའི་གཏམ་བཤད་གནང་། བོད་དོན་ཞི་བའི་གོམ་བགྲོད་གནང་མཁན་གྲངས་ ༡༨ ཀྱིས་ལུས་སྟོད་དམར་ཧྲང་ཐོག་བོད་སྐྱོབ་འབོད་སྐུལ་ཡི་གེ་དང་། བོད་ཕྱི་ནང་གཉིས་ནས་སྐུ་ལུས་མེར་སྲེག་གནང་མཁན་རྒྱལ་གཅེས་དཔའ་བོ་མོ་རྣམས་གྱི་མཚན། དེ་བཞིན་བོད་གནས་ཀྱི་གནས་བབ་མཚོན་པའི་མེ་ལྕེ་སོགས་བྲིས་ཏེ་རྔམ་སྟོན་གནང་བ་དང་། རྒྱ་གཞུང་གིས་བོད་ནང་རང་ལུས་མེར་སྲེག་གི་གནས་ཚུལ་དང་འབྲེལ་བ་ཡོད་ཚུལ་བརྗོད་དེ་ལོ་གཉིས་དུས་འགྱངས་ཀྱི་སྲོག་ཐོག་ཁྲིམས་གཅོད་བྱས་ཟིན་པའི་གྲྭ་བློ་བཟང་དཀོན་མཆོག་དང་སྒྲོལ་མ་སྐྱབས་གཉིས་ཀྱི་མཚན་དང་པར་རིས་སོགས་སྐེ་ལ་བཏགས་ཏེ། བོད་ནང་གི་ཛ་དྲག་གནས་བབ་ཀྱི་རྣམ་པ་བསྟན་ཞིང་། ཉིན་རྒྱབ་ཆུ་ཚོད ༢ དང་ཕྱེད་ཀའི་ཐོག་འགྲོ་བ་མིའི་ཐོབ་ལས་ཁུངས་མདུན་དུ་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་གི་ཚོགས་གཞོན་བསམ་དོན་གྲུབ་ལགས་ཀྱི་ལས་འགུལ་མཇུག་སྡོམ་དང་ལྷན་ལས་འགུལ་མཇུག་བསྡུ་གནང་།  ཙ་ཡུས་ཕུན་ཚོགས། 

འདྲ་པར།

 

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

7 དང་ 9 སྡོམས་རོགས།