ཛུ་རིག་ཚོགས་ཆུང་ཁོངས་གཏོགས་བོད་ཡིག་སློབ་གྲྭ་ནས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོའི་༧སྐུའི་འཁྲུངས་སྐར་བསྲུང་བརྩི་ཞུས་པ།

ཕྱི་ལོ་ ༢༠༢༡ ཟླ་ ༧ ཚེས་ ༡༠ སྟེ་རེས་གཟའ་སྤེན་པའི་ཉིན་དང་སྟབས་བསྟུན་འདི་ག་ཛུ་རིག་ཚོགས་ཆུང་ཁོངས་གཏོགས་བོད་ཡིག་སློབ་གྲྭའི་སློབ་ཕྲུག་དང་ཕ་མ་དགེ་ལས་ཚང་འཛོམས་ཀྱིས། བོད་མིའི་འདི་ཕྱི་གཉིས་ཀྱི་སྐྱབས་གནས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་དགུང་གྲངས་ ༨༦ ལ་ཕེབས་པའི་༧སྐུའི་འཁྲུངས་སྐར་བསྲུང་བརྩིས་གཟབ་རྒྱས་ཞུས།

དེ་ཡང་དེ་ཉིན་སྔ་ཐོག་ཚོགས་ཁང་ཞིག་གི་ནང་བོད་ཕྲུག་ན་ཆུང་རྒན་གཞོན་ཕ་མ་དགེ་ལས་རྣམས་ནས་༧གོང་ས་མཆོག་གི་སྐུ་དཔར་སྒྲིག་གཤོམས་མདུན། རེ་མོས་ཀྱིས་ཕྱག་འཚལ་གུས་གཏུད་སྨོན་ལམ་མཇལ་དར་ཕུལ། ཏོག་དབྱིབས་ནད་ཡམས་ཀྱིས་རྐྱེན་འདུ་འཛོམས་ཞུ་ཡུལ་དངོས་ཕྱི་རོལ་སྤང་ཐང་ཞིག་ཏུ་གོ་སྒྲིག་ཞུས་པ་བཞིན་ཐོག་མར་བོད་རིགས་རྒན་གཞོན་རྣམས་ཀྱིས་ཆུ་ཚོད་གཉིས་དང་ཕྱེད་རིང་མ་ཎི་ཡིག་དྲུག་གསོག་སྒྲུབ་ཞུས། ཁྱོན་མ་ཎི་ཡིག་དྲུག་ཞལ་གྲངས་ ༡༡༦༢༣༣ དང་༧རྒྱལ་བའི་ཞབས་བརྟན་འགྲོ་གང་ཐུབ་གསོག་སྒྲུབ་ཞུས།

དུས་ཚེས་བཟང་འཛོམས་ཁྱད་པར་ཅན་གྱི་ཉིན་མོར་དབྱར་ཁའི་དུས་ཀྱི་གནམ་གཤིས་ལེགས་པས་གནམ་སྔོ་ཞིང་དང་བ། ཚ་གྲང་སྙོམས་པ། རང་རིགས་བུ་ཕྲུག་རྣམས་མཉམ་འཛོམས་ཀྱིས་དགའ་སྤྲོའི་ཅ་ཅོ་སྒྲོག་པ། བོད་རིགས་ན་ཆུང་ཕ་མ་དང་བཅས་པ་ཚང་མས་བོད་ཆས་ལེགས་པར་སྤྲས་ཏེ་རང་ཉིད་མེས་པོའི་རིག་གཞུང་བརྒྱུད་འཛིན་བྱ་རྒྱུའི་དགའ་སྤོབས་མངོན་པར་འཕྲོ་བ་ནི། མི་རྣམས་ཀྱིས་བལྟས་པས་ཡིད་སེམས་མི་ཤོར་བ་ག་ལ་སྲིད་སྙམ།
ཁྱིམ་ཚང་རེ་རེས་རང་ཁྱིམ་ནས་སོ་སོས་རོ་བཅུད་ལྡན་པའི་ཞལ་ཟས་སྣ་འཛོམས་འདྲ་མིན་མཉམ་འཁྱེར་གྱིས་ཉིན་གུང་ཞལ་ལག་ཐུན་མོང་གི་གླིང་གའི་ཚུལ་དུ་མཉམ་དུ་ལོངས་སུ་སྤྱད། བོད་ཀྱི་ཐུན་མོང་མ་ཡིན་པའི་གོར་གཞས་འཁྲབ་པ་སོགས་ཀྱིས་སྤྲོ་སྐྱིད་ལྡན་པའི་དུས་སྟོན་རྟེན་འབྲེལ་ཞུས་པ་བཅས་གནས་ཚུལ་སྙིང་བསྡུས་སུ་བཀོད།།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

5 དང་ 3 སྡོམས་རོགས།