མདོ་སྨད་ཀླུ་ཆུའི་ཤིས་ཚང་ཡུལ་དུ་སླར་ཡང་རང་ལུས་མེར་སྲེག

དེ་རིང་སྟེ་ཕྱི་ལོ་༢༠༡༣ ཟླ་༢ ཚེས་༢༥ བོད་ཟླ་༡ ཚེས་༡༥ དང་ཧོར་ཟླ་༡ ཚེས་༡༦ ཉིན་བོད་ནང་གི་ཉིན་རྒྱབ་ཆུ་ཚོད་1:30 ཡས་མས་སུ་མདོ་སྨད་ཀླུ་ཆུའི་ཤིས་ཚང་ཡུལ་དུ་རང་ལོ་༢༧ ཡིན་པའི་མིང་ལ་ཚེ་གཟུངས་སྐྱབས་ཟེར་བ་ཞིག་གིས་རྒྱ་གཞུང་གི་དྲག་པོའི་སྲིད་ཇུས་ལ་ངོ་རྒོལ་ཆེད་རང་ལུས་མེར་སྲེག་བྱས་ཏེ་སྐུ་གྲོངས་འདུགདེ་ཡང་བོད་ནས་གནས་ཚུལ་ཁུངས་ལྡན་འབྱོར་བ་ལྟར་ན། རྒྱལ་གཅེས་དཔའ་བོ་ཚེ་གཟུངས་སྐྱབས་ནི་ཀླུ་ཆུའི་ཤིས་ཚང་ཚོ་བ་བཅུ་གཉིས་ཀྱི་ནང་ཚན་ཆོས་འཁོར་སྡེ་བ་ནས་ཡིན་ཞིང་། ཕ་མིང་ལ་ཚེ་རིང་དོན་གྲུབ་དང་། མ་མིང་ལ་རྟ་མགྲིན་འཚོ་ཟེར་གྱི་ཡོད་འདུག ཁོང་གིས་མེར་སྲེག་བྱེད་སའི་ས་གནས་ནི་ཡུལ་དེའི་ཆོས་སྡེ་ཆེན་པོ་ཤིས་ཚང་དགོན་གསར་དགའ་ལྡན་བཤད་སྒྲུབ་ཆོས་འཁོར་གླིང་གི་ཚོགས་ཆེན་འདུ་ཁང་ཆེན་མོའི་མདུན་ཐང་དུ་ཡིན་འདུག་ལ། ཁོང་གིས་མེར་སྲེག་སྐབས་ཆོ་འཕྲུལ་སྨོན་ལམ་སྐབས་ལྟ་རྟོག་ཏུ་སླེབས་པའི་ཉེན་རྟོག་པ་ཚོས་མེ་གསོད་གྲབས་བྱས་ཀྱང་། མང་ཚོགས་ཀྱིས་མེ་གསོད་དུ་བཅུག་མེད་པ་རེད།

རྒྱལ་གཅེས་དཔའ་བོ་ཁོང་ནི་སྔ་ལོ་ཕྱི་ཟླ་ ༡༢ ཚེས་ ༨ སྟེ་དགའ་ལྡན་ལྔ་མཆོད་ཆེན་མོའི་ཉིན་རང་ལུས་མེ་སྲེག་གཏོང་མཁན་གྱི་རྒྱལ་གཅེས་དཔའ་བོ་པདྨ་རྡོ་རྗེ་དང་སྡེ་བ་གཅིག་ཡིན་པ་མ་ཟད། ཁོང་གཉིས་མ་སྤུན་གྱི་བུ་སྤུན་ཡིན་འདུག ཤིས་ཚང་དགོན་པ་ནས་ཁོང་གི་སྐྱེས་ཡུལ་ཆོས་འཁོར་སྡེ་བའི་བར་སྤྱི་ལེ་སུམ་ཅུ་ལྷག་ཡོད་ལ། དེ་རིང་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་བྱམས་པ་གླིང་སྐོར་གྱི་ཉིན་མོ་ཡིན་པས་མི་ཚོགས་འདུ་འཛོམས་ཧ་ཅང་ཆེ་བའི་སྐབས་དང་འཁེལ་ཡོད། ད་ལྟ་ཉེན་རྟོག་པ་འབོར་ཆེན་སླེབས་འདུག་ནའང་མི་མང་གིས་ཁོང་གི་སྐུ་ཕུང་ད་ལྟ་རྒྱ་དམག་ལག་ཏུ་ཤོར་བཅུག་མེད་པར་སྐྱེས་ཡུལ་ཆོས་འཁོར་སྡེ་བར་གདན་དྲངས་ཡོད་པ་རེད།

དེ་རིང་གི་རང་ལུས་མེར་སྲེག་འདི་ནི་ད་སྔ་མདོ་སྨད་ཀླུ་ཆུའི་ཡུལ་དུ་རང་ལུས་མེར་སྲེག་གཏོང་མཁན་ཐེངས་དྲུག་པ་དང་། ཀླུ་ཆུའི་ཤིས་ཚང་ཡུལ་ཁོ་ནར་རང་ལུས་མེར་སྲེག་གཏོང་མཁན་ཐེངས་བཞི་བ་དེ་ཡིན་པ་རེད། དེ་ཡང་ཐེངས་དང་བོ་ནི་ཤིས་ཚང་དཔལ་རྒུར་སྡེ་བ་ནས་ཡིན་པའི་རྟ་མགྲིན་སྐྱབས་དང་། ཐེངས་གཉིས་པ་ནི་ཤིས་ཚང་ཆོས་འཁོར་སྡེ་བ་ནས་ཡིན་པའི་པདྨ་རྡོ་རྗེ། ཐེངས་གསུམ་པ་ནི་ཤིས་ཚང་དཔོན་སྐོར་སྡེ་བ་ནས་ཡིན་པའི་འཇིགས་བྱེད་སྐྱབས་བཅས་ཡིན་པ་རེད།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

9 དང་ 5 སྡོམས་རོགས།