བོད་ཕྱི་ནང་གཉིས་ནས་རང་ལུས་མེར་བསེགས་གནང་མཁན་རྣམས་ཀྱི་འདྲ་པར་༡༥༠ཕྲག་ལ་ཁུར་ནས་རྒྱ་གཞུང་གི་ད་ལྟའི་བོད་ཐོག་འཛིན་པའི་སྲིད་བྱུས་ལ་ངོ་རྒོལ།

སྤྱི་ལོ་༡༠༡༥ཟླ་༡༠ཚེས་༠༢་ རེས་གཟའ་པ་སངས་ཉིན་ཡོ་རོབ་བོད་རིགས་གཞོན་ནུའི་གོ་སྒྲིག་འོག་རྒྱལ་སྤྱིའི་འཚེ་བ་མེད་པའི་ཉིན་མོ་དང་སྟབས་བསྟུན་ནས་སུད་སི་གྲོང་ཁྱེར་ཛོ་རིག་ནང་བོད་ཕྱི་ནང་གཉིས་ནས་རང་ལུས་མེར་བསེགས་གནང་མཁན་རྣམས་ཀྱི་འདྲ་པར་༡༥༠ཕྲག་ལ་ཁུར་ནས་རྒྱ་གཞུང་གི་ད་ལྟའི་བོད་ཐོག་འཛིན་པའི་སྲིད་གཞུང་ལ་ངོ་རྒོལ་དང་།རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཀྱིས་རྔམ་སྟོན་ཁྲོམ་སྐོར་གོམ་འགྲོས་གནང་སོང་། ལས་འགུལ་འདིར་མཉམ་ཞུགས་གནང་མཁན་རི་ཀོན་མཁན་རིན་པོ་ཆེ་མཆོག་གིས་གཙོས་པའི་དགེ་འདུན་པ་རྣམས་དང་། ཡུ་རོབ་སྤྱི་འཐུས་དབང་པོ་བཀྲེས་མཐོང་ལགས་དང་ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་དེ་བཞིན་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་ཚོགས་མི་བཅས་མི་མང་བརྒྱ་ལྷག་མཉམ་ཞུགས་ཞུས་གནང་ཡོད་འདུག

མ་ཟད་ལས་འགུལ་འདིའི་ཐོག་ཆེད་དུ་གདུང་སེམས་མཉམ་བསྐྱེད་ཆེད་ཕེབས་མཁན་ཕྱི་རྒྱལ་ཡུལ་མི་ཁག་ཅིག་ཕེབས་ཏེ་བོད་ཀྱི་ད་ལྟའི་གནས་བབ་སྤྱི་ལ་སེམས་ཚོར་དྲག་པོས་གདུང་སེམས་མཉམ་བསྐྱེད་བཅས་གནང་ཡོད་འདུག ཡོ་རོབ་བོད་རིགས་གཞོན་ནུའི་ཚོགས་གཙོ་བསྟན་འཛིན་བདེ་ཆེན་ལགས་ཀྱི་ཐེངས་འདིའི་ལས་འགུལ་གྱི་དམིགས་ཡུལ་ངོ་སྤྲོད་གཏམ་བཤད་ནང་དོན། རྒྱ་ནག་དམར་གཞུང་གི་བཙན་འཛུལ་དྲག་པོ་བྱས་ནས་ལོ་ངོ་༦༠་ལྷག་སོང་ནའང་བོད་རིགས་རྣམས་ནི་ད་དུང་ཡང་འཚེ་མེད་ཞི་བའི་ལམ་ཞུགས་བཞིན་ཡོད། འོན་ཀྱང་དོན་འདིས་གནས་ཚུལ་ཛ་དྲག་ཏུ་སོང་མེད་པ་སྟོན་གྱི་མེད། ལྷག་པར་དུ་དེང་སང་གནོད་འཚེ་ལྡན་པའི་ལས་འགུལ་དག་ལ་ངོས་འཛིན་དང་དོ་སྣང་ཆེ་ཆེར་ཐོབ་པའི་དུས་འདི་ལ།  བོད་དོན་ལ་རྒྱབ་སྐྱོར་མཚོན་ཐུབ་པའི་བརྡ་འཕྲིན་བསྐུར་རྒྱུ་དེ་གང་ལས་ཀྱང་གལ་ཆེ་བ་ཆགས་ཡོད། བོད་དྲན་པའི་ཡུལ་ནས་བརྗེད་ཉེན་གྱི་མ་རེད། དེ་རིང་རྒྱལ་སྤྱིའི་འཚེ་བ་མེད་པའི་ཉིན་མོ་འདི་ལ་ང་ཚོས། བོད་ནང་རྒྱ་དམར་གི་གདུག་རྩུབ་ལ་ངོ་རྒོལ་དང་། བོད་མི་རིགས་ཀྱི་བདེ་དོན་སླད་དུ་རང་གི་གཅེས་པའི་སྐུ་ལུས་ཀྱང་མཆོད་མེར་ཕུལ་གནང་མཛད་པའི་བོད་རིགས་༡༥༠་ཐམས་པ་ལ་གུས་བརྩིའི་རྗེས་དྲན་ཞུ་བཞིན་ཡོད་ཅེས་སོགས་གསུང་སོང་། གཞན་ཡང་ཡུ་རོབ་སྤྱི་འཐུས་དབང་པོ་བཀྲེས་མཐོང་ལགས་དང་ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ནས་ལས་འགུལ་དང་འབྲེལ་བའི་གཏམ་བཤད་གནང་སོང་། མཐར་ལས་འགུལ་བ་བོད་མི་ཡོངས་རྫོགས་ཀྱིས་བདེན་ཚིག་སྨོན་ལམ་དབྱངས་སུ་གྱེར་བ་དང་། ཚོར་ཤུགས་ཆེན་པོས་ལས་འགུལ་མཇུག་སྡོམ་གནང་སོང་།
གསར་འགོད་པ་མཁར་འཕགས་ནས།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

8 དང་ 9 སྡོམས་རོགས།