བོད་དོན་ཞི་བའི་གོམ་བགྲོད་ཉིན་ལྔ་པ་སྟེ་ ༢༠༡༣/༡༠/༠༨ རེས་གཟའ་ཟླ་བ།

དེ་རིང་ནི་སུད་སི་དང་ལིཀ་ཏེན་སིཊཡན་བོད་རིགས་མི་མང་ས་གནས་འཐུས་ཚོགས་ཀྱིས་གོ་སྒྲིག་ཞུ་བཞིན་པའི་གདུང་སེམས་མཉམ་བསྐྱེད་ཞི་བའི་གོམ་བགྲོད་དབུ་འཛུགས་གནང་སྟེ་ཉིན་ལྔ་པ་ཡིན། ཉིན་འདིར་ཡང་གནམ་གཤིས་ཡག་པོ་དེ་ཙམ་མེད་ཀྱང་ཆར་བ་ཤུགས་ཆེན་བཏང་མ་བྱུང་སྟབས་གོམ་བགྲོད་པ་རྣམས་ལ་དཀའ་ངལ་ཐོལ་བ་སྤྲད་མ་སོང་། གོམ་བགྲོད་ཉིན་ལྔ་བ་པ་དེ་སུད་སི་ས་གནས་ Dietikon ནས་ས་གནས་ Brugg བར་སྤྱི་ལེ ༢༠ ལྷག་ལ་གོམ་བགྲོད་གནང་ཞིང་། གོམ་བགྲོད་པ་སྐྱེས་པ་གྲངས་ ༣༨ དང་བུད་མེད་ ༡༩ བཅས་ཁྱོན་མི་གྲངས་ ༥༦། ལས་བྱེད ༦ བཅས་བྱུང་ཡོད་ཅིང་། དེ་རིང་གོམ་བགྲོད་པ་སུ་ལའང་དཀའ་ངལ་དམིགས་བསལ་བ་གང་ཡང་བྱུང་མ་སོང་། ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གི་ཁང་གི་ཀུན་གླེང་ཞལ་པར་ནང་གོམ་བགྲོད་པ་གསུམ་གདན་ཞུས་ཐོག་བོད་དོན་ཞི་བའི་གོམ་བགྲོད་ཀྱི་དམིགས་ཡུལ་དང་ནུས་པ། གོམ་བགྲོད་ནང་དཀའ་ངལ་ཅི་བྱུང་སོགས་ཀྱི་ཐད་བཀའ་མོལ་ཞུ་རྒྱུའི་གོ་སྐབས་ཀྱང་བྱུང་སོང་ལ། བོད་ཀྱི་ཛ་དྲག་གནས་བབ་འཁོད་པའི་ཡིག་ཆ་སྟོང་ཕྲག་གཅིག་དང་ལྔ་བརྒྱ་ལྷག་སུད་སིའི་ཡུལ་མི་རྣམས་ལ་འགྲེམས་སྤེལ་གནང་ཐུབ་ཡོད།

སུད་སི་ས་གནས་ Volketswil ནང་གནས་སྡོད་ཞུ་མཁན་ཀུན་བཟང་ཕུན་ཁང་ལགས་སུ་ཞི་བའི་གོམ་བགྲོད་ནང་མཉམ་ཞུགས་གནང་དགོས་དོན་དང་། ལས་འགུལ་འདི་འདྲའི་ནང་མུ་མཐུད་མཉམ་ཞུགས་གནང་འདོད་ཡོད་མེད་ཐད་བཀའ་འདྲི་ཞུས་པར་ཁོང་གིས། བོད་ནང་བོད་དོན་ཆེད་བོད་མི་མང་པོ་ཞིག་སྐུ་གྲོང་བཞིན་ཡོད་པ་སོགས་ལ་འཛམ་བུ་གླིང་གི་མི་མང་ཚོས་དེ་ཙམ་དོ་སྣང་སྤྲོད་ཀྱིན་མི་འདུག དེ་བས་དེ་རིང་གོམ་བགྲོད་ལས་འགུལ་འདི་ལྟ་བུའི་ནང་ཡིག་ཆ་འགྲེམས་སྤེལ་གནང་གིན་ཡོད་པ་སོགས་ལ་བརྟེན་བོད་དོན་དྲིལ་བསྒྲགས་ཡོང་གི་རེད་བསམ་ནས་ཡོང་བ་ཡིན། ཞེས་དང་། རྩ་བའི་ཆ་ནས་ང་རང་གིས་གོམ་བགྲོད་སྐབས་སོ་སོ་ལ་དཀའ་ངལ་ཏོག་ཙམ་ཕྲད་ཀྱི་རེད་བསམ་སོང་སྟེ། དེ་རིང་དཀའ་ངལ་གང་ཡང་ཕྲད་མ་སོང་། དེ་བས་མ་འོངས་པར་ཡང་ལས་འགུལ་འདི་ལྟ་བུ་ལ་མཉམ་ཞུགས་མང་ཙམ་བྱ་འདོད་ཡོད། ལས་འགུལ་སྤེལ་སྐབས་ཡུལ་མི་མང་པོས་མཐོང་གིན་འདུག་པ་དང་། ཡིག་ཆ་མང་པོ་འགྲེམ་བཞིན་པ་ཡིན་སྟབས། ལས་འགུལ་སྤེལ་བ་འདིས་བོད་དོན་ལ་ཞེ་དྲག་ཕན་གྱི་རེད་བསམ་གྱི་འདུག ཅེས་གསུངས།

ཡང་ས་གནས་ Winterthur ནང་གནས་སྡོད་ཞུ་མཁན་སྐལ་བཟང་སྒར་གནས་ལགས་སུ་བོད་དོན་ཞི་བའི་གོམ་བགྲོད་ནང་མཉམ་ཞུགས་གནང་དགོས་དོན་དང་། གོམ་བགྲོད་ནང་དཀའ་ངལ་ཅི་ཕྲད། དེ་བཞིན་ལས་འགུལ་འདི་བཞིན་སྤེལ་བར་དགོངས་ཚུལ་ག་འདྲ་ཡོད་མེད་སོགས་ཀྱི་ཐད་བཀའ་འདྲི་ཞུས་པར། ཁོང་གིས། གོམ་བགྲོད་ནང་ཞུགས་དགོས་པའི་རྒྱུ་མཚན་ནི་དང་པོ་སོ་སོ་བོད་པ་ཞིག་ཡིན་བསམ་པ་དང་། བོད་པ་ཞིག་ཡིན་ན་གོམ་བགྲོད་དང་ལས་འགུལ་ནང་ཞུགས་དགོས་པ་ལས་འགན་རེད་བསམ་ནས་ཡོང་བ་ཡིན། ཞེས་དང་། གོམ་བགྲོད་ནང་དཀའ་ངལ་གང་ཡང་བྱུང་མ་སོང་ལ།ང་ཚོས་གོམ་བགྲོད་ནང་ཡོང་ནས་མི་གསར་བ་ངོ་ཤེས་པ་དང་གནས་ཚུལ་མང་པོ་ཤེས་ཡ་སོགས་སྐྱིད་པོ་བྱུང་སོང་ལ། མ་འོངས་པར་ལས་འགུལ་འདི་འདྲ་སྤེལ་ཐུབ་ན་ཞེ་དྲག་ཡག་པོ་འདུག་བསམ་སོང་། གང་ཡིན་ཟེར་ན་ལས་འགུལ་སྤེལ་ན་བོད་དོན་ཁྱབ་བསྒྲགས་ཡག་པོ་འགྲོ་གི་འདུག ཅེས་སོགས་གསུངས་སོང་།ཙ་ཡུལ།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

7 དང་ 3 སྡོམས་རོགས།