བཙུན་མ་སངས་རྒྱས་སྒྲོལ་མ་ལགས་ཀྱིས་རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་

༄༅། །ཕྱི་ལོ ༢༠༡༢ ཟླ་ ༡༡ ཚེས་ ༢༥ ཉིན་བོད་ནང་གི་ཕྱི་དྲོ་ཆུ་ཚོད་ ༡༠ ཡས་མས་སུ། མདོ་སྨད་རྨ་ལྷོ་ཁུལ་རྩེ་ཁོག་རྫོང་རྡོ་དཀར་མོ་ཡུལ་ཚོའི་བར་སྐོར་སྡེ་བའི་རང་ལོ་ ༡༧ ཡིན་པའི་རྒྱལ་གཅེས་པ་བཙུན་མ་སངས་རྒྱས་སྒྲོལ་མ་ལགས་ཀྱིས། རྒྱ་གཞུང་གི་དྲག་གནོན་དབང་སྒྱུར་སྲིད་ཇུས་ལ་ཞི་རྒོལ་ཆེད། བར་སྐོར་སྡེ་བའི་ལ་ནག་སྐེད་དུ་རང་ལུས་མེར་སྲེག་བཏང་སྟེ། ༸རྒྱལ་བ་བསྟན་འཛིན་རྒྱ་མཚོ་མཁྱེན། ཞེས་སྐད་འབོད་གནང་སྟེ། མེ་ལྕེ་འབར་ཤུགས་ཆེ་བས་ཐང་ལ་གན་རྐྱལ་དུ་འགྱེལ་ཡོད་ཀྱང་ལག་པ་གཉིས་ཐལ་མོ་སྦྱར་ཏེ་འདས་གྲོངས་སུ་གྱུར་ཡོད་འདུག ཕྱི་ཚེས་ ༢༦ ཉིན་གྱི་ཞོགས་པར་ས་གནས་སུ་སྐྱ་སེར་མི་མང་འདུ་འཛོམས་ཐོག རྒྱལ་གཅེས་པ་ཁོང་གི་སྐུ་ཕུང་གདན་ཞུས་ཀྱིས་ཞུགས་འབུལ་གནང་ཡོད་འདུག

རྒྱལ་གཅེས་པ་བཙུན་མ་སངས་རྒྱས་སྒྲོལ་མ་ལགས་ནི། ཕ་བསོད་ནམས་རྒྱལ་རང་ལོ ༤༠ ཡིན་པ་དང་། མ་དོན་འགྲུབ་འཚོ་རང་ལོ ༤༣ ཡིན་པ་གཉིས་ཀྱི་བུ་མོ་ཡིན་ཞིང་། སྤུན་ཆེ་བ་ལྷ་མོ་འཚོ་རང་ལོ་ ༢༢ དང་། དེའི་ཆུང་བ་བཙུན་མ་ཞིག་ཡོད་པའི་མིང་ལ་རིག་བྱེད་དབང་མོ་རང་ལོ་ ༢༠ དང་། སྤུན་ཆུང་བའི་མིང་ལ་འཇམ་དབྱངས་བློ་ལྡན་རང་ལོ་ ༡༥ དང་ཆུང་བ་དབང་ཕྱུག་ཚེ་རིང་རང་ལོ་ ༡༤ ཡིན་འདུག བཙུན་མ་ཁོང་ནི། གསང་སྔགས་སྨིན་གྲོལ་དར་རྒྱས་གླིང་དགོན་པའི་ཉེ་འཁྲིས་སུ་བཙུན་མའི་དགོན་པ་ཞིག་ཡོད་པ་དེའི་བཙུན་མ་ཡིན་འདུག

རྒྱལ་གཅེས་པ་ཁོང་གིས་ཤུལ་བཞག་ཞལ་ཆེམས་ནང་། ཕྱིར་ཕེབས་སོང་། བོད་པ་ཚོ་ཡར་ལ་ལྟོས། །ཡར་གྱི་དགུང་སྔོན་གནམ་ལ་ལྟོས། །བྲག་དཀར་ཐེམ་པའི་གུར་ཁང་དུ། ང་ཡི་བླ་མ་ཕྱིར་ཕེབས་སོང་། །བོད་པ་ཚོ་ཡར་ལ་ལྟོས། །ཡར་གྱི་གངས་རིའི་རྩེ་ལ་ལྟོས། གངས་སེང་དཀར་མོ་ཕྱིར་ཕེབས་སོང་། །ང་ཡི་གངས་སེང་ཕྱིར་ཕེབས་སོང་། །བོད་པ་ཚོ་ཡར་ལ་ལྟོས། །ཡར་གྱི་རྒྱ་རྫོང་ནགས་ལ་ལྟོས། །ཐང་དང་གཡུ་ལོའི་མཛེས་སྡུག་ལྟོས། །ང་ཡི་རྒྱ་སྟག་ཕྱིར་ཕེབས་སོང་། བོད་པ་ཚོ་ཡར་ལ་ལྟོས། །ཡར་གྱི་གངས་རིའི་ལྗོངས་ལ་ལྟོས། །གངས་ཅན་སྐལ་བ་ཡར་འགྲོ་རེད། །བོད་པ་རང་དབང་རང་བཙན་རེད། །རྒྱལ་བ་བསྟན་འཛིན་རྒྱ་མཚོ། །རྒྱང་རིང་ཡུལ་ན་ཡོད་དུས། །རྒྱལ་ཁམས་བསྐོར་ནས་ཕེབས་དུས། །སྡུག་བསྔལ་འོག་གི་གདོང་དམར་བོད་པ། །མུན་ནག་ཁྲོད་ནས་སེལ་བའི་སྨོན་ལམ། །པཎ་ཆེན་བླ་མ་བཙོན་དུ་ཡོད་དུས། །བཙོན་ཁང་ནང་དུ་ཕྱི་ལ་ལྟོས་ནས། །ང་ཡི་ཁ་བ་གངས་རིའི་ལྗོངས་ལ། །བདེ་སྐྱིད་ཉི་མ་ཤར་བར་སྨོན། །ཁ་བ་གངས་རིའི་བདེ་སྡུག་གི་ཆེད་དུ། ཞེས་བྲིས་ཡོད་འདུག་པ་དང་། འདྲ་པར་ཞིག་གི་སྟེང་དུ། གངས་དཀར་པོའི་གཅེས་ཕྲུག་གངས་ཅན་བུ་དང་བུ་མོ། གངས་རིའི་བུ་རྒོད་རྣམ་པ་བོད་པ་ཡིན་པ་མ་བརྗེད། སངས་རྒྱས་སྒྲོལ་མ་ནས་ཞེས་བྲིས་འདུག ཡིག་སྐོགས་ཀྱི་སྟེང་ལ་བོད་རང་བཙན་རྒྱལ་ཁབ། ཅེས་བྲིས་ཡོད་པ་བཅས།།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

4 དང་ 7 སྡོམས་རོགས།