ནོ་བྷེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་བསྐྱངས་ནས་ལོ་ངོ་ ༢༥ འཁོར་བའི་སྐལ་བཟང་གི་དུས་དྲན་གཟབ་རྒྱས་ངང་སྲུང་བརྩི་ཞུས་པ།

ཕྱི་ལོ་ ༢༠༡༤ ཟླ་བ་ ༡༢ ཚེས་ ༡༣ ཉིན་སུད་སི་ས་གནས་བྷུའི་ལག་གྲོང་སྡེའི་ཚོགས་ཁང་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་བྷེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་བསྐྱངས་ནས་མི་ལོ་༢༥ འཁོར་བའི་སྐལ་བཟང་གི་དུས་དྲན་མཛད་སྒོ་རྒྱས་པ་ཞིག་སྲུང་བརྩི་ཞུས་ཡོད་པ་རེད།

དབུས་བོད་མིའི་སྒྲིག་འཛུགས་ནས་ཡོངས་ཁྱབ་གསལ་བསྒྲགས་གནང་བ་བཞིན་འདི་ལོ་འཛམ་གླིང་ཞི་བདེའི་དེད་དཔོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་ལོ་སྲུང་བརྩི་ཞུ་དགོས་ཕེབས་དོན་ལྟར་མཛད་སྒོའི་སྐབས་བོད་རིགས་མི་མང་སྐབས་བཅོ་ལྔ་པའི་ས་གནས་འཐུས་ཚོགས་ནས་ཆེད་མགྲོན་འབོད་ཞུས་པས་རང་གཞུང་༸དཔལ་ལྡན་ཆོས་རིགས་བཀའ་བློན་སྐུ་ངོ་པདྨ་ཆོས་འབྱོར་མཆོག རི་ཀོན་ཆོས་འཁོར་དགོན་གྱི་མཁན་བླ་དགེ་འདུན་རྣམ་པ། ཡུ་རོབ་བོད་མི་མང་གི་སྤྱི་འཐུས་དང་སྤྱི་ཟུར་རྣམ་པ། ཚོགས་སྐྱིད་ཁག་གི་མཛད་གཙོ་རྣམ་པ་དང་ཕྱི་ནང་སྐུ་མགྲོན་རྣམས་ནས་མགོན་པོ་གང་ཉིད་ཀྱི་༸སྐུ་དཔར་མཐོང་གྲོལ་རིན་པོ་ཆེ་རྒྱ་གླིང་སྤོས་སྣེ་དང་སུད་སི་ཟློས་ཚོགས་ནས་རྔ་རོལ་དང་བཅས་ཀྱིས་སྔོན་བསུས་ཏེ་ཚོགས་ཁང་ནང་གདན་ཞུ་དང་བཞུགས་ཁྲིར་མངའ་གསོལ་ཞུས་ནས་སྔ་དྲོ་བརྟན་བཞུགས་ལྟར་འབུལ་མཚོན་སྐུ་ཕྱྭའི་ཞབས་རིམ་དང་། བོད་བསྟན་པ་ཆབ་སྲིད་ཀྱི་ཆེད་གསོལ་སྨོན་ཞུས་ནས་ཞལ་འདོན་ཁག་གསུང་གནང་མཛད།

ཆུ་ཚོད་ ༡༡།༣༠ ཙམ་ནས་༸གོང་ས་མཆོག་སྐུ་ཚེའི་མཛད་འཕྲིན་དང་ བོད་ཀྱི་དེ་སྔ་དང་ད་ལྟའི་གནས་བབས་དེ་བཞིན་བོད་ཀྱི་ནང་ཆོས་དང་དངུལ་ཤོག་བཅས་དཔར་རིགས་སྣ་ཚོགས་ཀྱི་ཐོག་ནས་འགྲེམས་སྟོན་ཞིག་གོ་སྒྲིག་ཞུས་ཡོད་པར་མཁན་བླ་དགེ་འདུན་རྣམ་པས་དབུས་སྐུ་མགྲོན་རྣམས་ནས་བཀྲིས་གསུང་གནང་མཛད་པ་དང་། ༸དཔལ་ལྡན་ཆོས་རིགས་བཀའ་བློན་མཆོག་དང་མཁན་རིན་པོ་ཆེ་མཆོག་ནས་འགྲེམས་སྟོན་དབུ་འབྱེད་མཛད།
ཉིན་རྒྱབ་ཆུ་ཚོད་ ༡།༠༠ པོ་ནས་སྔར་རྒྱུན་ལྟར་མི་མང་ཟློས་གར་བས་བཀྲིས་ཞོལ་པ་དང་ སུད་སི་སྟོད་སྐྱིད་ནས་རྒྱལ་གཞས་གཟིགས་འབུལ་ཞུས། སུད་སི་དང་། ལེཀ་ཏེན་སིཊཡན་བོད་རིགས་མི་མང་ཚོགས་གཙོ་གང་གཞོན་ཚང་བློ་བཟང་མཆོག་ནས་དུས་དྲན་མཛད་སྒོའི་གསུང་བཤད་གནང་རྗེས་ སུད་སི་བོད་སློབ་ཁག་ནས་རིམ་བཞིན་དགའ་བསུའི་གསུང་གཞས་དང་ཞབས་གཞས་ཁག་གཟིགས་འབུལ་ཞུས། རི་ཀོན་མཁན་རིན་པོ་ཆེ་མཆོག་ནས་མང་ཚོགས་ལ་བཀའ་སློབ་གསུང་བཤད་དང་ དེ་བཞིན་སྐུ་མགྲོན་དུ་ཆེད་འབོད་ཞུས་པའི་ལོ་མང་ནས་བོད་ཀྱི་བདེན་པའི་འཐབ་རྩོད་ལ་རྒྱབ་བསྐྱོར་བ་བོད་ཀྱི་གྲོགས་པོ་ཛུས་རིག་མངའ་སྡེའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་གཞུང་མི་མཱ་རི་ཡོ་ཕེར་མཆོག་ནས་གསུང་བཤད་གནང་། སུད་སི་དོན་ཁང་གི་ལས་བྱ་ཟླ་བ་ཚུལ་ཁྲིམས་ལགས་ནས་བཀའ་ཤག་གི་གསུང་འཕྲིན་ལྗགས་ཀློག་གནང་།

སྐུ་མགྲོན་གཙོ་བོ་རང་གཞུང་༸དཔལ་ལྡན་ཆོས་རིགས་བཀའ་བློན་སྐུ་ངོ་པདྨ་ཆོས་འབྱོར་མཆོག་ནས་མང་ཚོགས་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་བཀའ་དྲིན་རིམ་པ་མང་པོ་གནང་ཡོད་པར་ཐུགས་ལ་བཞག་ནས་ནང་ཆོས་ལ་ཐུགས་སྣང་གནང་དགོས་པ་དང་བོད་མི་ནང་ཁུལ་མཐུན་ལམ་སྔར་ལྷག་དགོས་པ་ རང་གཞུང་དབུས་བོད་མིའི་སྒྲིག་འཛུགས་ནས་སུད་སི་ནང་གནས་བཞུགས་བོད་མི་ཚོས་ད་བར་རང་གཞུང་གི་བཀའ་དགོངས་ལྟར་ལས་དོན་ཁག་ལྷག་བསམ་ཧུར་བསྐྱེད་སྒྲུབ་བཞིན་ཡོད་པར་རྗེས་སུ་ཡི་རང་གནང་པ་སོགས་ཀྱི་བཀའ་སློབ་གཟབ་ཞིང་རྒྱ་ཆེ་བ་གནང་། བོད་རིགས་མི་མང་གི་མཚན་ཐོག་ནས་མི་མང་ཚོགས་གཙོ་སྦྲེལ་པོས་༸དཔལ་ལྡན་བཀའ་བློན་མཆོག་ལ་ད་རིང་དུས་བཟང་འདི་ལ་ཆེད་དུ་མགྲོན་འབོད་ཞུས་པ་བཞིན་སྐུ་ངལ་འཛེམ་མེད་ཕེབས་པར་བཀྲིན་མཚོན་ཆེད་མཇལ་དར་དང་རྟེན་མཚོན་ཕྱག་རྟགས་ཕུལ།

སུད་སི་དང་། ལེཀ་ཏེན་སིཊཡན་བོད་རིགས་མི་མང་གསར་འཕྲིན་དྲ་རྒྱ་ཚོགས་ཆུང་ནས་༸བཀའ་བློན་ཁྲི་ཟུར་མཁས་དབང་སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་མཆོག་གིས་གསར་འཕྲིན་ལོ་ངོ་ ༢༠ འཁོར་བའི་དུས་དྲན་སྐབས་སུད་སིར་བསྩལ་བས་བོད་ཀྱི་རྒྱལ་རབས་ ༡༩༠༠།༡༩༥༩ བར་གྱི་ལོ་རྒྱུས། བོད་ཀྱི་སྐད་ཡིག་གལ་ཆེ་ཡིན་པ་ལྟར་སྲུང་སྐྱོབ་བྱ་ཐབས་བཅས་ཀྱི་སྐོར་ཕྱག་དེབ་ཞིག་དཔར་བསྐྲུན་ཞུས་ཡོད་པའི་སྐོར་གསར་འཕྲིན་དྲ་རྒྱའི་སྤྱི་ཁྱབ་འགན་འཛིན་སྒོ་སྤེ་ཡོན་ཏན་ལགས་ནས་མང་ཚོགས་ལ་གསལ་བཤད་གནང་འཕྲལ་༸དཔལ་ལྡན་བཀའ་བློན་མཆོག་ནས་དབུ་འབྱེད་གནང་།

དེ་བཞིན་སུད་སི་བོད་སློབ་སྤྱི་ཁྱབ་འགན་འཛིན་མགོན་པོ་རྣམ་རྒྱལ་ལགས་ནས་བོད་ཡིག་སློབ་ཕྲུག་ཁག་གི་ཡིག་ཚད་བྱ་དགའི་ལག་འཁྱེར་ཁག་༸དཔལ་ལྡན་བཀའ་བློན་མཆོག་གི་ཕྱག་ནས་འབུལ་རྒྱུའི་འབོད་སྐུལ་གནང་ལྟར་ཨང་དང་གཉིས་གསུམ་ལ་བྱ་དགའ་ཁག་འབུལ་གནང་མཛད། མི་མང་ཚོགས་གཙོས་འབོད་སྐུལ་ལྟར་རི་ཀོན་མཁན་རིན་པོ་ཆེ་མཆོག་དང་ བོད་མི་མང་སྤྱི་འཐུས་ལས་ཐོག་དང་སྤྱི་ཟུར་རྣམ་པ་གཞུང་འབྲེལ་གཞུང་འབྲེལ་མིན་པས་མཛད་གཙོ་རྣམ་པར་འཐུས་ཚོགས་སྐབས་བཅོ་ལྔ་པའི་དུས་ཡུན་ལོ་གསུམ་རིང་མཐུན་འགྱུར་གནང་བར་༸དཔལ་ལྡན་བཀའ་བློན་མཆོག་ནས་ཐུགས་རྗེ་ཆེ་ཞུའི་མཇལ་དར་འབུལ་གནང་མཛད།

དེ་རྗེས་ས་གནས་ཚོགས་ཆུང་ཁག་དང་ཚོགས་སྐྱིད་ཁག་ནས་བོད་ཀྱི་རིག་གཞུང་གསུང་གཞས་དང་ཞབས་གཞས་རིམ་བཞིན་གཟིགས་འབུལ་ཞུས་རྗེས་དགོང་དྲོའི་གསོལ་ཚིགས་བར་སེང་གནང་། གསོལ་ཚིགས་བར་སེང་གནང་རྗེས་མི་མང་ཟློས་ཚོགས་ནས་ཞབས་གཞས་ཁག་དྲུག་ལྷག་གཟིགས་འབུལ་ཞུས།
ཐར་རྒྱན་ཤོག་ཨང་དང་གཉིས་གསུམ་ལ་བྱ་དགའ་འབུལ་བ་དང་ནེ་ལུང་ཚེ་རིང་སྟོབས་ལྡན་ལགས་ནས་འགོ་ཁྲིད་མང་ཚོགས་ནས་དགའ་སྐྱིད་ངང་གདིངས་ཆའི་སྟེང་སྒོར་གཞས་སྐྱོན་གནང་པ་བཅས་མཛད་སྒོ་བཀྲིས་ལོ་ལེགས་ངང་ལེགས་གྲོལ་གནང་སོང་བས་གནས་བསྡུས་སུ། ཚོགས་ཁང་བསྟན་འཛིན་བློ་གསལ་ནས། འདྲ་པར་་་

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

8 དང་ 7 སྡོམས་རོགས།