དབུས་བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་ནག་གཞུང་ལ་དམ་བསྒྲགས་མཚམས་འཇོག་དགོས་པའི་རེ་འདུན་བཏོན་པ།

༄༅། །སྐུ་ཞབས་ཚེ་དབང་ནོར་བུ་ལགས་ཀྱིས་རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་སུ་ཕྱིན་པར་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་སེམས་འཚབ་ཆེན་པོ་བྱེད་བཞིན་ཡོད། ཁོང་གིས་རང་ཉིད་ཀྱི་གཅེས་པའི་ལུས་སྲོག་བློས་གཏོང་དགོས་དོན་ནི་རྒྱལ་སྤྱིའི་ཚོགས་པ་རྣམས་ཀྱིས་བོད་ནང་དཀའ་ངལ་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པའི་གནས་སྟངས་དེར་དོ་སྣང་ཡོང་ཆེད་ཡིན་པ་དང་། འདི་ལྟ་བུའི་འུ་ཐུག་ཐབས་ཟད་ཀྱི་བྱ་སྤྱོད་སྤེལ་བ་དེས་བོད་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་སྡུག་དུ་འགྲོ་བཞིན་ཡོད་པའི་མངོན་རྟགས་མཚོན་བཞིན་ཡོད།ཕྱི་ལོ་ ༢༠༡༡ ཟླ་ ༨ ཚེས་ ༡༥ ཉིན་རྒྱ་གར་རྒྱལ་ཡོངས་སུ་ཡུལ་མི་རྣམས་ཀྱིས་དབྱིན་ཇིའི་མི་སེར་སྤེལ་ཡུལ་ལམ་ལུགས་འོག་ནས་རང་དབང་ཐོབ་པའི་ཉིན་མོ་སྲུང་བརྩི་ཞུ་བཞིན་པའི་ཉིན་མོ་དེའི་ཉིན་གུང་ཙམ་ལ་སྐུ་ཞབས་ཚེ་དབང་ནོར་བུ་ལགས་ཀྱིས་བོད་མི་ཚོར་རང་དབང་མེད་པའི་གནས་སྟངས་དེ་འཛམ་གླིང་མི་མང་ཚོས་ཤེས་རྟོགས་ཆེད་རང་ཉིད་ཀྱི་སྐུ་གཟུགས་མེར་སྲེག་བཏང་ཡོད། དེ་ཡང་ཁོང་རང་ཉིད་ཀྱིས་སྐུ་གཟུགས་ཞུགས་མེར་མ་བསྒྲོན་གོང་བོད་མི་ཚོར་རང་དབང་དགོས་པ་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་ལ་གདན་འདྲེན་ཞུ་དགོས་པའི་ཡིག་ཆ་འགྲེམས་སྤེལ་གནང་ཡོད།
ང་ཚོར་བོད་ནང་ནས་གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན་སྐུ་ཞབས་ཚེ་དབང་ནོར་བུ་ལགས་བོད་མདོ་ཁམས་རྟའུ་ཉ་མཚོ་དགོན་པའི་དགེ་འདུན་པ་ཡིན་པ་དང་ཁོང་ད་ལྟ་དགུང་ལོ་ ༢༩ ཡིན་འདུག  རྒྱ་ནག་གཞུང་གི་ཤིན་ཧྭ་གསར་ཁང་ནས་ཀྱང་གཟའ་ཟླ་བ་ཉིན་ཁོང་འདས་གྲོངས་སུ་ཕྱིན་པ་ར་སྤྲོད་བྱས་འདུག ད་ལྟ་གནས་ཚུལ་འབྱོར་གསལ་ལྟར་ན་དགོན་པ་དེ་དྲག་ཆས་དམག་དཔུང་གིས་མཐའ་བསྐོར་ཡོད་པ་མ་ཟད། ཉེན་རྟོག་པས་སྐུ་ཞབས་ཚེ་དབང་ནོར་བུའི་སྐུ་ཕུང་ཁོང་ཚོར་རྩིས་སྤྲོད་དགོས་པའི་བཀའ་རྒྱ་གཏོང་བཞིན་ཡོད་འདུག ལོ་ན་གཞོན་པའི་བོད་མི་ཞིག་གློ་བུར་དུ་རྐྱེན་ངན་འོག་འདས་གྲོངས་སུ་གྱུར་བར་བོད་མི་རྣམས་ཀྱིས་སེམས་འཚབ་ཆེན་པོ་བྱ་རྒྱུའི་གནད་དོན་ཞིག་གྱུར་བར་བརྟེན། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་ནག་གཞུང་ནས་བོད་ནང་གི་བོད་མིར་དམ་བསྒྲགས་མཚམས་འཇོག་དགོས་པའི་རེ་འདུན་ཤུགས་ཆེ་འདོན་རྒྱུ་དང་། རྒྱ་ནག་གཞུང་གིས་དངོས་ཡོད་གནས་སྟངས་དང་མི་འཚམས་པའི་དམ་བསྒྲགས་བྱས་པ་དེས་དཀའ་ངལ་སེལ་རྒྱུའི་ཚབ་ཏུ་དཀའ་ངལ་ཆེེ་རུ་བཟོ་བཞིན་ཡོད།
་དང་འབྲེལ་ནས་རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༡༡ ཟླ་ ༧ ཚེས་ ༦ ཉིན་༸གོང་ས་མཆོག་གི་སྐུའི་འཁྲུངས་སྐར་ཉིན་ནས་ད་བར་དགོན་པ་དེར་ཆུ་དང་གློག་བཅད་པ་དེ་བསྐྱར་དུ་གཏོང་ཐུབ་པ་བྱུང་ཚེ་ཞི་འཇམ་ཡོང་རྒྱུར་ཕན་ཐོག་ཡོང་ངེས་ཤིག་རེད། རྒྱ་ནག་གཞུང་གིས་ཟླ་བ་གཅིག་ཙམ་གྱི་གོང་བོད་ཐོག་ཡིག་ཆ་དཀར་པོ་ཟེར་བ་བཏོན་ནས་རྒྱ་མིས་བོད་མི་ཚོར་ཕན་ཐོགས་ཆེན་པོ་བྱུང་ཡོད་ཚུལ་འཁོད་ཡོད། ང་ཚོས་སེམས་ཚོར་ཆེན་པོས་རྒྱ་ནག་དབུས་གཞུང་ལ་བོད་ནང་དངོས་ཡོད་དཀའ་ངལ་ཡོད་པ་གཞིར་བཞག་ཐོག་བོད་མི་ཚོའི་མངོན་འདོད་དང་མཐུན་པའི་སྲིད་བྱུས་ལག་བསྟར་གནང་བ་ལས། དེ་ལས་ལྡོག་སྟེ་ཡིག་ཆ་དཀར་པོ་ཟེར་བ་བཏོན་ཏེ་བོད་ཀྱི་དངོས་ཡོད་དཀའ་ངལ་གྱི་གནས་སྟངས་ལ་འཁྱོག་བཤད་བྱེད་རྒྱུ་འཚམས་འཇོག་དགོས་པའི་རེ་འདུན་ཤུགས་ཆེ་འདོན་རྒྱུ་ཡིན།
མཐའ་དོན་དབུས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱིས་ཚེ་འདས་འདི་ཉིད་ཀྱི་ལས་ངན་སྡིག་ལྟུང་ཐམས་ཅང་བྱང་ཞིང་རྣམ་མཁྱེན་རྒྱལ་བའི་གོ་འཕང་རིན་པོ་ཆེ་ཐོབ་པ་དང་དམ་པ་ཁོང་གི་རྗེས་ཤུལ་ནང་མི་སྤུན་མཆེད་ཚོར་སྙིང་ཐག་པ་ནས་གདུང་སེམས་མཉམ་སྐྱེ་ཞུ་རྒྱུ་མ་ཟད། ང་ཚོས་བོད་མི་ཡོངས་དང་ལྷག་པར་རྟའུ་ས་ཁུལ་གྱི་བོད་མི་རྣམས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་དང་མཐུན་པའི་འཚེ་མེད་ཞི་བའི་ལམ་འབའ་ཞིག་ཐོག་བསྐྱོད་ཐུབ་པ་དགོས་རྒྱུའི་རེ་འདུན་ཞུ་རྒྱུ་ཡིན།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

8 དང་ 4 སྡོམས་རོགས།