༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༨༡ ཕེབས་པར་གྱ་སྟོན་གྱི་༧སྐུའི་འཁྲུངས་སྐར།

༄༅།   བོད་རྒྱལ་ལོ་  ༢༡༤༣  སྣྲོན་ཟླའི་ཚེས་  ༣  དང་ཕྱི་ལོ་  ༢༠༡༦  ཟླ་  ༧  ཚེས་  ༦  རེས་གཟའ་ལྷག་པའི་ཉིན་རང་ཅག་གངས་ཅན་པ་ཡོངས་ཀྱི་མགོན་༸སྐྱབས་དཔུང་གཉེན་བླ་ན་མ་མཆིས་པ།  འཛམ་གླིང་ཞི་བདེའི་དེད་དཔོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་༸སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ཕྱི་ལུགས་དགུང་གྲངས་  ༨༡  ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་དུས་ཆེན་དངོས་གཞི་དེ་ཆོས་ཕྱོགས་ཀྱི་མཛད་སྒོ་གཟབ་རྒྱས་བསྲུང་བརྩི་ཞུས་པ་རེད།  

དེ་ཡང་གོང་ཚེས་ཉིན་སྔ་དྲོ་ཆུ་ཚོད་  ༩།༣༠  ཐོག་རི་ཀོན་ཆོས་འཁོར་དགོན་དུ་མཁན་བླ་དགེ་འདུན་རྣམ་པའི་དབུས་ཡུ་རོབ་ནང་ཕྱོགས་བཞུགས་བོད་མི་མང་སྤྱི་འཐུས་སྐུ་ངོ་ཟམ་མདོ་བྱམས་པ་ཚེ་རིང་མཆོག    སྤྱི་ཟུར་རྣམ་པ།   སུད་སི་དང། ལིཀ་ཏེནསིཊཡན་བོད་རིགས་མི་མང་གི་ཚོགས་གཙོ་བགྲེས་གཞོན་དབུས་ས་འཐུས་རྣམ་པ།  གཞུང་འབྲེལ་མ་ཡིན་པའི་གཞོན་ནུ།  བུད་མེད་བཅས་ཀྱི་མཛད་གཙོ་སྐུ་མགྲོན་རྣམ་པ་བཅས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་དཔར་མཐོང་གྲོལ་རིན་པོ་ཆེ་སྤོས་སྣེ་དང།   སུད་སི་སྟོད་པའི་སྐྱིད་སྡུག་ནས་རྒྱལ་གཞས་འབུལ་བཞིན་ངང་སྔོན་བསུས་ཏེ་དགོན་པའི་འདུ་ཁང་གི་བཞུགས་ཁྲིའི་སྟེང་གདན་ཞུས་དང་སྦྲགས་མཛད་གཙོ་རྣམ་པས་མཎྜལ་སྐུ་གསུང་ཐུགས་རྟེན་འདེགས་འབུལ་དང་རྟེན་འབྱུང་དཀར་གཙང་མཇལ་དར་སྒྲོན་འབུལ་ཞུས་རྗེས་གསོལ་འདེབས་སྨོན་ལམ་གསུང་འདོན་དབུ་འཛུགས་གནང་བ་དང་དེ་ཉིན་ཕྱི་ནང་སྤུན་ཟླ་མི་མང་ཆེ་ཆུང་  ༢༢༠ བརྒལ་བ་མཉམ་ཞུགས་གནང་འདུག    དེ་རྗེས་གསོལ་ཇ་འབྲས་སིལ་རིམ་བཞིན་འདེགས་འབུལ་གྱིས་བར་སེང་དང་བསྟུན་རི་ཀོན་ཆོས་འཁོར་དགོན་གྱི་མཁན་རིན་པོ་ཆེ་དགེ་བཤེས་ཐུབ་བསྟན་ལེགས་སྨོན་མཆོག་ནས་ཆོས་ཕྱོགས་དང་འབྲེལ་བའི་བཀའ་སློབ་གསུང་བཤད་གནང་རྗེས་མུ་མཐུད་ནས་གསོལ་འདེབས་སྨོན་ལམ་དང་དམིགས་བསལ་༸སྐུའི་བརྟན་བཞུགས་ཀྱི་ཞབས་རིམ་གཟུངས་སྔགས་ཁག་དང་བཅས་གསོག་སྒྲུབ་ཞུས།

དེ་རྗེས་དགོན་པའི་ཕྱི་རུ་མི་མང་གི་ཟློས་གར་ནས་འགོ་ཁྲིད་ནས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་ཕུལ་བ་དང་ཆབས་ཅིག་བོད་རྒྱལ་ཁབ་དང་མི་རིགས་ཀྱི་དོན་དུ་སྐུ་སྲོག་བློས་གཏོང་གནང་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་ངག་བཅད་མྱ་ངན་ཞུས།  

མི་མང་ཚོགས་གཙོ་བསྟན་འཛིན་རྙིང་པོ་ལགས་ནས་གསུང་བཤད་གནང་དོན།  ཐོག་མར་༸སྐུའི་འཁྲུངས་སྐར་དགྱེས་དོན་ལ་ཕེབས་སྐུ་མགྲོན་མཛད་གཙོ་རྣམ་པས་དབུས་བོད་རིགས་སེར་སྐྱ་ཚང་མར་སྐབས་  ༡༦ པའི་མི་མང་ཚོགས་གཙོ་སྦྲེལ་པོའི་དབུས་ས་འཐུས་རྣམས་ཀྱི་ངོ་ཚབ་ཞུས་ཏེ་དགའ་སྤྲོའི་འཚམས་འདྲི་ཞུ་རྒྱུ་དང།   སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བོད་དང་བོད་མིའི་གནད་དོན་ཐོག་འཛམ་གླིང་ཡོངས་ལ་ཕྱག་ཐལ་མོ་སྦྱར་ནས་བོད་དོན་ཐོག་རོགས་རམ་གནང་རོགས་ཞུ་མུས་མ་ཟད་རྒྱ་བོད་གཉིས་ཀྱི་དཀའ་རྙོག་དེ་གཉིས་ཕན་དབུ་མའི་ལམ་གྱི་ཐབས་ལམ་ནས་སེལ་རྒྱུ་ཡིན་པ་དེ་ལྟར་ང་ཚོ་སུད་སི་དང། ལིཀ་ཊེན་སིཊཡན་བོད་རིགས་མི་མང་ཡོངས་ནས་༸གོང་ས་མཆོག་གི་བཀའ་དགོངས་གཞིར་བཟུང་གཉིས་ཕན་དབུ་མའི་ལམ་གྱི་སྲིད་བྱུས་ལ་ཤར་སྐྱོད་བྱ་རྒྱུ་དམ་བཅའ་གཏན་པོ་ཞུ་རྒྱུ་ཡིན་གསུངས།  དེ་རྗེས་ཡུ་རོབ་བོད་མི་མང་ཕྱོགས་བཞུགས་སྤྱི་འཐུས་སྐུ་ངོ་ཟམ་མདོ་བྱམས་པ་ཚེ་རིང་ལགས་ནས་མང་ཚོགས་ལ་༸སྐུའི་འཁྲུངས་སྐར་ལ་དགའ་བསུའི་འཚམས་འདྲི་ཞུ་བ་དང་ཆབས་ཅིག  སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་  ༨༠  སྐུའི་འཁྲུངས་སྐར་རྟེན་འབྲེལ་དགའ་སྟོན་ལ་རྡ་སར་གསར་བཞེངས་གནང་བའི་༸གོང་ས་༸སྐྱབས་མགོན་ཆེན་པོའི་མཛད་བརྒྱ་མཐོང་བ་དོན་ལྡན་སྐོར་རེ་རེ་བཞིན་ལྗགས་ཀློག་དང་སྦྲགས་མི་མང་རྣམས་ཀྱི་ཐུགས་ལ་འཇོག་རྒྱུ་གལ་ཆེ་ཡིན་པ་གསུངས།


                  ༸གོང་ས་༸སྐྱབས་མགོན་ཆེན་པོའི་མཛད་བརྒྱ་མཐོང་བ་དོན་ལྡན།
༡།     མདོ་སྨད་སྟག་མཚེར་དུ་སྐུ་བལྟམས་པའི་མཛད་པ།
༢།     གསེར་ཁྲི་མངའ་གསོལ་གྱི་མཛད་པ།
༣།    རིས་མེད་ཆོས་བརྒྱུད་ལ་གསན་བསམ་ཉམས་བཞེས་ཀྱི་མཛད་པ།
༤།    རྒྱལ་སྲིད་ཆོས་སྲིད་ཀྱི་མཛད་པ།
༥།    བཙན་བྱོལ་གཞུང་གསར་འཛུགས་དང་མང་གཙོར་བསྒྱུར་བའི་མཛད་པ།
༦།    གཉིས་ཕན་དབུ་མའི་ལམ་གྱི་དགོངས་པ་བཏོན་པའི་མཛད་པ།
༧།    རྒྱལ་སྤྱིའི་སྣེ་ཡོད་མི་སྣར་མཛད་འཕྲད་གནང་བའི་མཛད་པ།
༨།     ཐེག་པ་ཆེ་ཆུང་སྔགས་དང་བཅས་པའི་གསུང་ཆོས་གནང་བའི་མཛད་པ།
༩།     དུས་འཁོར་དབང་ཆེན་གྱི་མཚོན་པའི་དབང་ལུང་མན་ངག་གནང་བའི་མཛད་པ།
༡༠།    འཛམ་གླིང་ཞི་བདེའི་ཆེད་བསྐྱང་པའི་མཛད་པ།
༡༡།    འཛམ་གླིང་གི་ཆོས་ལུགས་ཁག་དང་མཐུན་སྒྲིལ་གནང་བའི་མཛད་པ།
༡༢།    གཟེངས་རྟགས་དང་ཕྱག་འཁྱེར་གྲགས་ཅན་འབུལ་བཞེས་ཀྱི་མཛད་པ།
༡༣།    ཐུན་མོང་མ་ཡིན་པའི་གསར་གཏོད་ཀྱི་མཛད་པ།
༡༤།    ཡང་སྤྲུལ་ངོས་འཛིན་ངང་བསླབ་སྡོམ་རྩལ་བར་ཐུན་མིན་ཉམ་རྟོགས་བཅས་ཀྱི་མཛད་པ། བཅས་མཛད་ཐང་བཅུ་བཞི་འདི་ལྟར་ཡིན་འདུག  དེ་བཞིན་༸སྐུའི་འཁྲུངས་སྐར་ལ་བོད་མི་མང་སྤྱི་འཐུས་ལྷན་ཁང་གི་ཡོངས་ཁྱབ་གསུང་འཕྲིན་གནང་འབྱོར་བཞིན་རེས་གཟའ་སྤེན་པའི་ཉིན་བྷུའི་ལག་ཏུ་ལྗགས་ཀློག་གནང་རྒྱུ་ཡིན་པ་སོགས་གསུངས།                                                       

དེ་རྗེས་དཀར་ཕྱོགས་སྐྱོང་བའི་ལྷ་སྲུང་མཐུ་བོ་ཆེ་རྣམས་ཀྱི་དབུ་འཕང་དགུང་དུ་འདེགས་ཆེད་བསངས་གསོལ་གཟབ་རྒྱས་གནང་བ་དང་བསྟུན་མི་མང་ཟློས་གར་ནས་རྟེན་འབྲེལ་མཚོན་ཆེད་བཀྲ་ཤིས་ཞོལ་པ་འཁྲབ་སྟོན་དང་མི་མང་རྣམས་ནས་ཀྱང་དགའ་མགུ་ཡིད་རང་དང་བཅས་སྒོར་གཞས་བསྐྱོན།  མི་མང་ཡོངས་ལ་ཉིན་དགུང་གསོལ་ཚིགས་དཀར་སྐྱོང་འདེགས་འབུལ་ཞུས་པ་སོགས་ཆོས་ཕྱོགས་ཀྱི་མཛད་རིམ་ཁག་ཕྱེད་ཡོལ་ཕྱག་ཚོད་  ༢།༠༠  ཙམ་ལ་མཇུག་སྒྲིལ་བ་བཅས་ཀྱི་གནས་བསྡུས་སུ།     གསར་འགོད་བསམ་པ་དོན་གྲུབ།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

5 དང་ 3 སྡོམས་རོགས།