༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༨༠ ཕེབས་པར་གྱ་སྟོན་གྱི་༧སྐུའི་འཁྲུངས་སྐར་དུས་ཆེན་གྱི་མཛད་སྒོ།

ད་རིང་ཕྱི་ཟླ་ ༧  ཚེས་ ༦  རེས་གཟའ་ཟླ་བ་ཉིན་རི་ཀོན་ཆོས་འཁོར་དགོན་གྱི་ཚོམ་ཆེན་དུ་འགྲོ་བ་ལྷ་དང་བཅས་པའི་མགོན་སྐྱབས་དཔུང་གཉེན་བླ་ན་མེད་པ་༧སྤྱི་ནོར་༧ གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་  ༨༠  ལ་ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་གྱི་མཛད་སྒོར་གཟབ་རྒྱས་ངང་ཞུས་སོང་།

སྐུ་མགྲོན་རི་ཀོན་ཆོས་འཁོར་དགོན་གྱི་མཁན་རིན་པོ་ཆེ་དབུས་དགེ་འདུན་རྣམ་པ།    སྐུ་ཚབ་དོན་གཅོད་སྐོུ་དངོས་གྲུབ་རྡོ་རྗེ་མཆོག་དང་།  ཡུ་རོབ་ཕྱོགས་བཞུགས་བོད་མི་མང་སྤྱི་ཟུར་རྣམ་པ།   ཕྱི་དྲིལ་དྲུང་ཆེ་དགས་པོ་བསོད་ནམས་ལགས།  དམིགས་བསལ་ཡུ་རོབ་སྐུ་ཚབ་སྐལ་བཟང་རྒྱལ་མཚན་ལགས།  བོད་རིགས་མི་མང་གི་ཚོགས་གཙོ་རྣམ་གཉིས་དབུས་ས་འཐུས་རྣམ་པ།   གཞན་ཡང་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཕྱི་ནང་གི་སྐུ་མགྲོན་རྣམ་པ།   ཕྱི་ནང་སྤུན་ཟླ་མི་མང་ ༢༠༠ བརྒལ་བ་མཉམ་ཞུགས་གནང་འདུག
 ཞོགས་པ་ཚོུད་ ༩/༣༠ མཛད་རིམ་གཏན་འབེབས་གནང་གསལ་སྐུ་པར་མཐོང་གྲོལ་རིན་པོ་ཆེ་ཚོགས་ཁང་བཞུགས་ཁྲིར་མངའ་གསོལ་དང་སྐུ་མགྲོན་རྣམས་ནས་མཎྜལ་སྐུ་གསུང་ཐུགས་རྟེན་འདེགས་འབུལ་ཞུས་རྗེས་གསོལ་འདེབས་སྨོན་ལམ་གསུང་འདོན་དང་།  འཁྲུངས་སྐར་གྱི་མངར་ཟས་(birthdays cake) གསོལ་ཇ་འབྲས་སིལ་སོགས་རིམ་བཞིན་འདེགས་འབུལ་ཞུས།  

དེ་ནས་བསང་གསོལ་དང་བཅས་བོད་སྐྱོང་ལྷ་སྲུང་འཕྲིན་བསྐུལ་གཟབ་རྒྱས་གནང་བ་དང་།  བོད་རྒྱལ་ཁབ་དང་མི་རིགས་ཀྱི་དོན་དུ་སྐུ་སྲོག་བློས་གཏོང་གནང་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་ངག་བཅད་མྱ་ངན་ཞུས།  མི་མང་ཚོགས་གཙོ་བསྟན་འཛིན་སྙིང་པོ་ལགས་ནས་འཁྲུངས་སྐར་དགའ་སྟོན་ལ་གུས་བསུ་དང་།  ཕྱི་ནང་སྐུ་མགྲོན་རྣམས་ལ་འཚམས་འདྲི་སོགས་ཞུས།  

སྐུ་ཚབ་དོན་གཅོད་སྐོུ་དངོས་གྲུབ་རྡོ་རྗེ་མཆོག་ནས་ཕྱི་ནང་སྐུ་མགྲོན་རྣམས་དང་མི་མང་རྣམས་ལ་གུས་འཚམས་གནང་བསྟུན་བཀའ་ཤག་གིས་སྐུའི་འཁྲུངས་སྐར་དུས་ཆེན་གྱི་གསུང་འཕྲིན་མང་ཚོགས་ལ་༧སྙན་སྐུའི་འཁྲུངས་སྐར་ཉིན་མོ་སྔ་བསྣུར་གྱི་སྐབས་༧སྙན་སྒྲོན་ཞུས་ཟིན་པ་དང་།  ད་རིང་ཡུ་རོབ་སྤྱི་འཐུས་རྣམ་གཉིས་ཕེབས་འཁོམ་མ་བྱུང་སྟབས་བོད་མི་མང་གི་སྤྱི་འཐུས་ལྷན་ཁང་གི་སྐུའི་འཁྲུངས་སྐར་ལ་འཚམས་ཞུའི་གསུང་འཕྲིན་མང་ཚོགས་ལ་ལྗགས་བཀློག་གནང་ཞིང་།  ཟློས་གར་ཚོགས་མི་དང་།  སུད་སི་སྟོད་པའི་སྐྱིད་སྡུག་ནས་འཁྲབ་སྟོན་རྒྱལ་བ་དགྱེས་པའི་མཆོད་སྤྲིན་དུ་གཟིགས་འབུལ་ཞུས།  མི་མང་རྣམས་ནས་ཀྱང་དགའ་མགུ་ཡིད་རང་དང་བཅས་ཡུལ་གཞས་མང་དག་འཁྲབ་སྟོན་ཞུས་སོང་ལ།  

མཇུག་ཏུ་ཉིན་དེའི་ལས་རིམ་གཙོ་སྐྱོང་བ་འབྲོག་ཚ་ཚང་འོད་ཟེར་ལགས་ནས་འབྲེལ་ཡོད་རྣམ་པར་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་རྗེས་ཉིན་གུང་གི་གསོལ་ཚིགས་མི་མང་ཡོངས་ལ་འདེགས་འབུལ་ཞུས་སོང་བ་བཅས་དང་།  ཉིན་དེར་ཞོགས་པ་ཆར་ཤུགས་ཆེ་བ་བཅས་གནམ་གཤིས་སྐྱོ་བོ་འདུག་རུང་མཐར་གནམ་གཤིས་རིམ་དང་བྱུང་སོང་བ་བཅས་བོད་ལ་སྐྱིད་པའི་ཉི་མ་མགྱོགས་ནས་མྱུར་དུ་འཆར་ཞིང་།  གཞིས་བྱེས་མཉམ་འཛོམས་ཡོང་བའི་སྨོན་འདུན་གནང་བཞིན་རེ་ཞིག་རྒྱལ་ཁའི་ངང་མཇུག་སྒྲིལ་སོང་བའི་ཚིག་ཐོ་སྙིང་བསྡུས་སུ་སྒོ་སྤེ་ཡོན་རྒྱས།

འདྲ་པར་ཁག

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

1 དང་ 5 སྡོམས་རོགས།