༈ ཡོ་ན་ར་པརསི་ཝིལ་ས་གནས་ཚོགས་ཆུང་དང་ཉེ་འགྲམ་རུ་ཏི་སོགས་ནས་མི་གྲངས་ ༣༥ སྐོར་གྱི་རྒྱལ་གཅེས་པ་གྲྭ་སྐལ་བཟང་དབང་འདུད་ལགས་དང་རྡོ་རྗེ་ཚེ་རིང་ལགས་གཉིས་ཀྱི་ཆེད་བསྔོ་སྨོན་རྗེས་དྲན་ཞུས་པ།

༄༅།   ཕྱི་ལོ་ ༢༠༡༦ ཟླ་ ༢ ཚེས་ ༢༩ ཉིན་གྱི་ཕྱི་དྲོར་བོད་དཀར་མཛེས་ཁུལ་ཉག་རོང་རྫོང་མཚོ་ཁ་ཨརྱ་གླིང་དགོན་པའི་དགེ་འདུན་པ་སྐལ་བཟང་དབང་འདུད་ལགས་ཀྱིས་སྐུ་ལུས་མེར་བསྲེགས་གནང་འདུག   ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན། ཕ་བསོད་བཀྲ་དང་མ་ཨོ་རྒྱན་སྒྲོལ་མ་གཉིས་ཀྱི་བུ་རང་ལོ་ ༡༨ ཡིན་པ་གྲྭ་སྐལ་བཟང་དབང་འདུད་ལགས་ཀྱིས་ཕྱི་ལོ་ ༢༠༡༦ ལོའི་ཟླ་ ༢ པའི་ཚེས་ ༢༩ ཉིན་ཏེ་བོད་ནང་གི་ཕྱི་དྲོའི་ཆུ་ཚོད་ ༤ པའི་སྟེང་བོད་ལ་རང་དབང་རང་བཙན་དགོས་ཞེས་སྐད་འབོད་གནང་བཞིན་རང་ལུས་མེར་བསྲེགས་གནང་ཡོད་པ་དང་།

རྒྱལ་གཅེས་དཔའ་བོད་སྐལ་བཟང་དབང་འདུད་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་བ་འདི་ནི་ཕྱི་ལོ་ ༢༠༠༩ ཟླ་ ༢ ཚེས་ ༢༧ ནས་བཟུང་བོད་ཆོལ་ཁ་གསུམ་གྱི་ཁྱོན་ནས་རྒྱ་གཞུང་ལ་ཞི་རྒོལ་ཆེད་རང་ལུས་མེར་བསྲེགས་གནང་མཁན་ད་བར་ཤེས་རྟོགས་ར་འཕྲོད་གསལ་པོ་བྱུང་བའི་བོད་མི་ ༡༤༣ པ་དེ་ཡིན་པ་དང་ཕྱི་ལོ་ ༢༠༡༦ ལོར་བོད་ནང་དུ་རྒྱ་གཞུང་ལ་ཞི་རྒོལ་གྱིས་རང་ལུས་མེར་བསྲེགས་གནང་མཁན་དང་པོ་དེ་ཆགས་ཀྱི་ཡོད།

ཡང་རྡོ་རྗེ་ཚེ་རིང་ལགས་ནི་མ་ནཱ་ལི་ནས་ཡིན་འདུག་པ་དང་ད་ལྟ་མ་སུ་རི་བོད་ཁྱིམ་འཛིན་རིམ་བཅུ་པའི་ནང་སློབ་གཉེར་གནང་མུས་ཡིན་འདུག ཁོང་གི་ཕ་ཐུབ་བསྟན་དགུང་ལོ་ ༦༦ ཙམ་དང་མ་ཉི་མ་དབྱངས་འཛོམས་དགུང་ལོ་ ༥༩ ཡིན་འདུག ཁོང་གཉིས་ལ་བུ་གསུམ་དང་བུ་མོ་གཉིས་ཡོད་པའི་ནང་ནས་རྡོ་རྗེ་ཚེ་རིང་ལགས་ཆུང་ཤོས་དེ་ཡིན་འདུག  རྡོ་རྗེ་ཚེ་རིང་ལགས་ཀྱིས་སྨན་ཁང་དུ་རང་ལུས་མེར་སྲེག་བཏང་དགོས་དོན་སྐོར་གསུང་དོན། ངས་ཕ་མ་གཉིས་བློས་བཏང་སྟེ་བོད་ཀྱི་ཆེད་དུ་རང་ལུས་མེར་བསྲེགས་བཏང་བ་ཡིན། ༧གོང་ས་མཆོག་སྐུ་ཚེ་ཁྲི་ལོ་ནས་ཁྲི་ལོར་བརྟན་པ་དང་། བོད་རང་བཙན་མྱུར་ཏུ་འཐོབ་པའི་སྨོན་ལམ་ཡོད། བོད་རྒྱལ་ལོ། ཞེས་གསུངས་འདུག  ཡོ་ན་ར་པརསི་ཝིལ་ས་གནས་ཚོགས་ཆུང་དང་ཉེ་འགྲམ་རུ་ཏི་སོགས་ནས་མི་གྲངས་ ༣༥ སྐོར་མཉམ་འཚོགས་ཀྱིས་ཞོགས་པ་ཚོུད་ ༩/༠༠ ནས་ཚོུད་ ༡༢/༠༠  བར་རྒྱུན་གཏན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱ་དང་བསྟན་སྲིད་རང་དབང་སླར་གསོའི་ཆེད་རང་ལུས་མེར་བསྲེགས་གནང་མི་རྣམས་ཀྱི་ཆེད་བསྔོ་སྨོན་ཞབས་རིམ་གསོག་སྒྲུབ་ཞུས་པ་དེ་ཡང་། ཐོག་མར་ཉམས་ཟུར་ཐུབ་བསྟན་ལགས་ནས་ད་རིང་རྒྱུན་གཏན་ཟླ་རེའི་ཞབས་རིམ་སྒྲུབ་རྒྱུ་དང་དམིགས་བསལ་བོད་བསྟན་སྲིད་རང་དབང་སླར་གསོའི་སླད་འདས་གྲོངས་གྱུར་བ་རྣམ་པར་ཐུགས་སྨོན་དམ་གཟབ་གནང་དགོས་འབོད་བསྐུལ་ཞུས།  རྒྱ་མོ་ཚང་བསྟན་འཛིན་ནོར་བུ་ལགས་ནས་དབུ་མཛད་གནང་ཏེ་ཞལ་འདོན་གསོག་སྒྲུབ་གནང་སོང་བ་དེ་ཡང་།

སྐྱབས་འགྲོ་སེམས་བསྐྱེད་དང་།  བཟང་སྤྱོད་སྨོན་ལམ།  བར་ཆད་ལམ་སེལ།  བསམ་པ་ལྷུན་འགྲུབ།  བདེ་སྨོན་བསྡུས་པ།  བསམ་པ་མྱུར་འགྲུབ།  བདེན་ཚིག་སྨོན་ལམ། ༧རྒྱལ་བའི་མཚན་སྔགས་ཕྲེང་སྐོར་ལྔ། སངས་རྒྱས་སྨན་བླའི་གཟུངས་ཕྲེང་སྐོར་ལྔ།  ལྷ་མོའི་ཡན་ལག་བདུན་པ།  ལྷ་མོའི་འཕྲིན་བསྐུལ། ལྷ་མོའི་འཕྲིན་བསྐུལ་ཀུན་ཁྱབ་སྤྲོས་བྲལ།  གནས་ཆུང་གི་ཕྲིན་བསྐུལ།  བོད་སྐྱོང་ལྷ་སྲུང་གི་ཕྲིན་བསྐུལ་དང་བསྔོ་སྨོན་བཅས་གནང་སོང་བའི་གནས་ཚུལ་སྙིང་བསྡུས་སུ་གསར་འགོད་པ་སྒོ་སྤེ་ཡོན་རྒྱས།།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

7 དང་ 6 སྡོམས་རོགས།